ཟླ5པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་གཞི་གྲངས་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་། མཚོ་སྔོན་སློབ་ཆེན་གྱིས་མཉམ་དུ་འགན་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་གཞི་གྲངས་དཔལ་འབྱོར་ཏེ་ལྷད་མེད་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཞེས་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྡུས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དུས་སྐབས་གཉིས་ལ་བགོས་ནས་སྤེལ་རྒྱུ་ཡིན་པ་དང་། ཡུལ་དངོས་སློབ་ཁྲིད་དང་སྐུད་ལམ་ཡན་ལག་སློབ་ཁྲིད་སོགས་ཀྱི་གསོ་སྦྱོང་བྱེད་ཐབས་སྤྱད་དེ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་སློབ་ཁྲིད་གཙོ་བོ་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཡན་ལག་སློབ་ཁྲིད་བྱས་ཏེ་དུས་མཉམ་དུ་གསོ་སྦྱོང་བྱེད་རྒྱུ་རེད། ཆེད་དོན་གསོ་སྦྱོང་གིས་སྲིད་ཇུས་ཟུར་ཁྲིད་དང་ཀུན་ཁྱབ་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་གཙོར་བཟུང་སྟེ། གསོ་སྦྱོང་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྷད་མེད་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་གྱིས་ལྷད་མེད་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྒྱབ་ལྗོངས་དགེ་མཚན་དང་དོན་སྙིང་གལ་ཆེན། སྤྱིའི་དམིགས་ཡུལ། ལས་འགན་གཙོ་བོ་བཅས་ལ་རྒྱུས་ལོན་བྱེད་པ། ལྷད་མེད་རྩིས་ནུས་དང་དྲ་ལམ་ཆ་འཕྲིན། གྲངས་བརྒལ་རྩིས་ནུས་སོགས་ཕྱོགས་ཀྱི་ཀུན་ཁྱབ་ཤེས་བྱ་ཁོང་དུ་ཆུད་པར་ཁྲིད་སྟོན་བྱས་ནས། ལྷད་མེད་རྩིས་ནུས་ཀྱི་སྤུས་ཚད་དང་བཀོད་སྤྱོད་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། རང་ཞིང་གིས་ལྷད་མེད་རྩིས་ནུས་ཀྱིས་སྣེ་ཁྲིད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཆེད་དོན་གསོ་སྦྱོང་ལ་ཞིང་ཆེན་ཡོངས་ཀྱི་ཁུལ་དང་ཐིན་རིམ་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་གྱི་འཕེལ་རྒྱས་བཅོས་སྒྱུར་དང་། བཟོ་ལས་ཆ་འཕྲིན། ཚན་རྩལ། ཚོང་དོན། ནུས་ཁུངས། གཞི་གྲངས་དོ་དམ་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། རྫོང་དང་ཆུའུ་ཡི་ཏང་སྲིད་མགོ་ཁྲིད་གཙོ་བོ། ཁག་བགོས་འགན་ཁུར་བློ་མཐུན། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ། མི་དམངས་ཚོགས་པ་སོ་སོ། འབྲེལ་ཡོད་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་མགོ་ཁྲིད་ཚན་ཁག་ཁོངས་མི་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གསོ་སྦྱོང་ལ་ཞུགས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།