ཟླ5ཚེས22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་ཡིན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་འཚོ་སྡོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན།
མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན་པས། ཀྲུང་ཧྭའི་ཆུ་གཏེར་གྱི་མཚན་སྙན་ཡོད། འབྲེལ་ཡོད་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་མཚོ་སྔོན་དུ་རི་སྐྱེས་སྲོག་ཆགས་རིགས665ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་རིགས40ཡོད། གཙོ་བོ་གསའ་དང་། ཁྲུང་ཁྲུང་སྐེ་ནག བྱེ་ཐང་ཞི་ལ་སོགས་ཡོད།
ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཁུལ་གྱི་རི་དྭགས་གཙོད་ཀྱི་ཁྱུ་ཚོགས་ སྲུང་སྐྱོབ་ཐོག་མའི་དུས་ཀྱི་ཁྲི་གཉིས་ནས་ད་ལྟའི་ཁྲི་བདུན་ལྷག་ཏུ་འཕར་ཡོད།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཏུའུ་ཕེན་ཀོས་ཀྱིས་བཤད་རྒྱུར། ནགས་ཚལ་དང་། རྩྭ་ཐང་། བརླན་ས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། གནོད་ལྡན་སྐྱེ་དངོས་བཅས་སྔོན་འགོག་ཚོད་འཛིན་སོགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཏོན་པ་ནས། ཆེད་དོན་བྱ་སྤྱོད་སྤེལ་ནས་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་བཏང་བའི་བར་དང་། གསའ་དང་གཙོད་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བ་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བསྐྲུན་པའི་བར། ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་ཤུལ་བཞག་ཐོན་ཁུངས་བསྡུ་རུབ་དང་ཉར་ཚགས་ཆུ་ཚད་ཇེ་མཐོར་བཏང་བ་ནས། འགན་བཅོལ་རྐྱེན་སྲོལ་ཁྲོད་རི་སྐྱེས་སྲོག་ཆགས་བཅུག་ནས་གནོད་འཚེ་བཏང་བར་སྐྱིན་ཚབ་ཐེངས་དང་པོ་སྤྲད་པ་སོགས། ཉེ་བའི་ལོ་ཤས་རིང་། བྱེ་བྲག་གི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་ནས་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་མཛེས་སྡུག་གི་རྣམ་པ་མངོན་ཡོད།
རྒྱུན་མཐུད་སྲུང་སྐྱོབ་བྱས་པ་བརྒྱུད་ནས། མཚོ་སྔོན་ལ་དམིགས་བསལ་དུ་ཡོད་པའི་རི་དྭགས་དགོ་བའི་གྲངས་ཀ་དེ་སྲུང་སྐྱོབ་ཐོག་མའི་དུས་ཀྱི300ནས་ད་ལྟའི3400ལྷག་ཏུ་འཕར་སྣོན་བྱུང་ཡོད།
རི་དྭགས་དགོ་བ་སྲུང་སྐྱོབ་ཀྱི་གྲུབ་འབྲས་ནི་མཚོ་སྔོན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱས་པའི་བསྡུས་རིས་ཤིག་ཡིན་པ་དང་། མིག་སྔར་མཚོ་སྔོན་གྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས2600ལྷག་ཏུ་སླེབས་པ་དེ། ལོ10ཡི་སྔོན་ལས1400ལྷག་འཕར་སྣོན་བྱུང་བ་དང་། མཚོ་སྔོན་པོའི་གསེར་ཉ་ཏུན་འབུམ་གཅིག་དང་ཁྲི་གཉིས་ལྷག་ཏུ་སླར་གསོ་བྱུང་ཡོད།
མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཡུས་ཀྱིས་བཤད་རྒྱུར། “ནགས་ཚལ་དང་རྩྭ་ཐང་སོགས་སྡེ་ཁག་གིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གནས་སྤོ་སྲུང་སྐྱོབ་དང་སྟོངས་ལ་ཉེ་བའི་སྲོག་ཆགས་མྱུར་སྐྱོབ་སོགས་ཀྱི་བཟོ་འགོད་ལག་བསྟར་བྱས་ནས། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྱུ་ཚོགས་སྲུང་སྐྱོབ་དང་སླར་གསོ་བྱས་ཡོད་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།