སྐོར་ཐེངས་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་ཁག་གཉིས་པའི་ནང་མི་བརྒྱ་ལ་གླེང་མོལ་དང་འགན་འཁྲི་རྩད་གཅོད་བྱས།
2024.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

 ཟླ5ཚེས23ཉིན། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།  སྐོར་ཐེངས་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་ཁག་གཉིས་པ་ཕྱོགས་ཡོངས་ནས་གཞི་རིམ་དུ་བྱ་བ་སྤེལ་བའི་དུས་རིམ་དུ་སླེབས། ས་གནས་སོ་སོས་ཏང་སྲིད་འགོ་ཁྲིད་ལས་བྱེད་པ96ལ་གླེང་མོལ་བྱས་པ་དང་། ཏང་སྲིད་འགོ་ཁྲིད་ལས་བྱེད་པ5ལ་འགན་འཁྲི་རྩད་གཅོད་བྱས།

ཟླ5ཚེས7ནས་ཚེས9ཉིན་བར་ལྟ་ཞིབ་ཚན་ཆུང7སྔ་རྗེས་སུ་ཧྲང་ཧའེ་དང་། ཀྲེ་ཅང་། ཅང་ཞི། ཧུའུ་པེ། ཧུའུ་ནན།  ཁྲུང་ཆིན། ཡུན་ནན་བཅས་ཞིང་ཆེན(གྲོང་ཁྱེར)7 ལ་བཅའ་སྡོད་བྱས་ཏེ། འབབ་རྒྱུད་ཀྱི་ལྟ་ཞིབ་དང་ཞིང་ཆེན་ས་ཁོངས་ཀྱི་ལྟ་ཞིབ་ལས་དོན་གཅིག་གྱུར་གྱིས་སྤེལ།  ཟླ5ཚེས20ཉིན་གྱི་དགོང་མོའི་བར།   ལྟ་ཞིབ་ཚན་ཆུང7བདུན་ལ་སྡོམ་པས་མང་ཚོགས་ཀྱི་ཁ་པར་དང་ཡིག་བསྐུར་ཐེར་འདོན་ཁྲི་གཅིག་སྟོང་གཉིས་བཞི་བརྒྱ་ཞེ་བཞི་འབྱོར་བ་དང་། ཐེར་འདོན་ཁྲི་གཅིག་དང་དྲུག་བརྒྱ་གྱ་གསུམ་བདག་སྤྲོད་བྱས།  ལེགས་སྒྲིག་དང་ཟླ་སྒྲིལ་བྱས་ནས་ཡང་ཡང་ཐེར་འདོན་བྱས་པ་བརྒྱུད། རིམ་རྩིས་བྱས་ན་ལྟ་ཞིབ་བྱ་ཡུལ་གྱི་ས་གནས་ལ་བརྒྱུད་སྤྲོད་བྱས་པའི་གྱོད་གཞི7562དང་། ལྟ་ཞིབ་བྱ་ཡུལ་གྱི་ས་གནས་སུ་ཐག་གཅོད་བྱས་ཟིན་པའམ་དུས་རིམ་དུ་ཐག་གཅོད་བྱས་པའི་གྱོད་གཞི1522ཡོད།   དེའི་ནང་གྱོད་གཞི244ཐོ་འགོད་བྱས་ནས་ཆད་པ་བཅད་པ་དང་། གྱོད་གཞི་བཅུ་གསུམ་ལ་ཐོ་འགོད་ཞིབ་བཤེར་བྱས། ཏང་སྲིད་འགོ་ཁྲིད་ལས་བྱེད་པ96ལ་གླེང་མོལ་བྱས་པ་དང་།  ཏང་སྲིད་འགོ་ཁྲིད་ལས་བྱེད་པ5ལ་འགན་འཁྲི་རྩད་གཅོད་བྱས།

གཞི་རིམ་དུ་བྱ་བ་སྒྲུབ་པར་སྐྱོད་པའི་དུས་རིམ་ནང་། ལྟ་ཞིབ་ཚན་ཆུང་སོ་སོས་དུས་རིམ་སྔོན་མར་ལྟ་ཞིབ་དང་རྒྱུས་ལོན་བྱུང་བའི་གནས་ཚུལ་དང་དོ་སྣང་བྱེད་སའི་གནད་དོན་གྱི་ཁུངས་སྣེ་གཞིར་བཟུང་སྟེ། གཞི་རིམ་དུ་ཟབ་ཞུགས་དང་།  ཡུལ་དངོས་སུ་ཟབ་ཞུགས་བྱས་ནས། ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་དང་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས། ལྟ་ཞིབ་ཚན་ཆུང་སོ་སོས་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་ཁག་ཅིག་ཞིབ་བཤེར་བྱས་ནས་རྩད་ཆོད་པ་དང་།   བྱ་བ་མི་སྒྲུབ་པ་དང་བྱ་བ་འགོར་འགྱངས་གཏོང་བ།  འགན་མི་འཁུར་བ།   སླ་བཅོས་དང་མི་བདེན་རྫུན་སྒྲིག་བྱེད་པ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁག་ཅིག་ལ་ཞིབ་བཤེར་བྱས།

ལྟ་ཞིབ་ཚན་ཆུང་སོ་སོས་མང་ཚོགས་ལ་བསམ་འཆར་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མུ་མཐུད་དུ་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། དུས་ཐོག་ཏུ་སྐུལ་སྒྲུབ་བྱེད་པ་དང་།   ཟུར་བཤེར་ཞིབ་བསྡུར་ལ་ཤུགས་སྣོན་བྱེད་པ།  ཡུལ་དངོས་ནས་མང་ཚོགས་ཀྱི་བསམ་འཆར་ལ་ཉན།   བྱེ་བྲག་གི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་བཏབ་པ་དང་། དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།