མཚོ་སྔོན་སློབ་ཆེན་དང་རྐང་ཚ་རྫོང་གཉིས་ཀྱིས་བོད་ལུག་ལག་རྩལ་ལེགས་བསྒྱུར་གྱི་གྲོས་མཐུན་བཞག
2024.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ5ཚེས23ཉིན། མཚོ་སྔོན་སློབ་ཆེན་བོད་ལུག་ཐོན་ལས་ཚན་རྩལ་གསར་སྐྲུན་ཚོགས་པ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡིས་བོད་ལུག་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལག་རྩལ་ལེགས་སྒྱུར་ལ་མིང་རྟགས་འགོད་པའི་མཛད་སྒོ་བསྡུས་པ་དང་། དེའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་རྐང་ཚ་རྫོང་གི་བོད་ལུག་སྤུས་རྟགས་ཀྱི་མཚན་སྙན་དང་ཤུགས་རྐྱེན་སྔར་ལས་ཆེ་རུ་བཏང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་གཏོང་བའི་ཐབས་ལམ་ཤུགས་ཆེན་པོས་རྒྱ་སྐྱེད་རྒྱུ་དེ་རེད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མཚོ་སྔོན་སློབ་ཆེན་བོད་ལུག་ཐོན་ལས་ཚན་རྩལ་གསར་སྐྲུན་ཚོགས་པས་ལོ་བཅུའི་རིང་ཚན་རིག་ཞིབ་འཇུག་བྱས་པ་བརྒྱུད།“རྒྱུ་ཡག་པོར་སྤེལ་བ་དང་། ལུག་བཟང་པོར་གསོ་བ། ལུག་ཤ་ཐོན་སྐྱེད་ལེགས་པོ་བྱེད་པ། རིན་གོང་བཟང་པོར་བཙོང་བ”བཅས་ཀྱི་བོད་ལུག་གི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བ་གཙོ་བོར་བཟུང་ནས“ཏིང་ཀུན་དང་སྒ་སྐྱ་ཡོད་པའི་བོད་ལུག་ཤ་ཁུ”དང་།“བོད་ལུག་གི་ཁྲག་རྒྱུ་དམར་པོ།”“བོད་ལུག་གི་ཐིད་མང་ཁྲག”སོགས་ཞིབ་འཇུག་གསར་སྤེལ་བྱས་པའི་ཐོན་རྫས་ཀྱིས་ཐེངས་འདིའི་གན་རྒྱ་འཇོག་རྒྱུ་གོ་སྐབས་སུ་བྱས་ཏེ། རྐང་ཚ་རྫོང་གི་ཆིན་ཧུའུ་ཞིང་ཕྱུགས་དངུལ་གཏོང་གསར་སྤེལ་ཚད་ཡོད་ཀུང་ཟི་ནས་བོད་ལུག་གི་ཤ་ཞིབ་ཚགས་ཀྱིས་ལས་སྣོན་དང་གོང་མཐོ་ཅན་གྱི་བེད་སྤྱོད་ཐོན་རྫས་ཐོན་སྐྱེད་བྱེད་པར་རམ་འདེགས་བྱས་ནས་བོད་ལུག་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

ཉེ་བའི་ལོ་འགའི་རིང་ལ། རྐང་ཚ་རྫོང་གིས“ཐོན་ལས་སྦྲེལ་ཐག་དང་འཇོན་མིའི་སྦྲེལ་ཐག་ཟུང་འབྲེལ”གྱི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྐབས་བཞི་པའི“བློ་གྲོས་ལྡན་པའི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཁུངས་ཀྱིས་མཚོ་སྔོན་གསར་པར་རམ་འདེགས་བྱེད”ཅེས་པའི་འཇོན་མིའི་ལས་གཞིའི་གྲོས་མོལ་ཚོགས་འདུའི་སྟེང་ཕྱུགས་ལས་ཆེད་ལས་འཇོན་མིར་གན་རྒྱ་འཇོག་པའི་ནང་ཧུར་ཐག་གིས་ཞུགས་པ་དང་། སྲིད་ཇུས་དང་བྱེད་ཐབས་སོ་སོ་དང་ལས་གཞི་སོ་སོའི་འཛུགས་སྐྲུན་དོན་འཁྱོལ་བྱ་རྒྱུར་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། ཤུགས་ཡོད་ཚད་ཀྱིས་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་དེས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་དུ་ཐབས་ལམ་གསར་པ་གཏོད་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་རྐང་ཚའི་བོད་ལུག་སྤུས་རྟགས་ཀྱི་སྙན་གྲགས་དང་ཤུགས་རྐྱེན་ཇེ་མཐོར་བཏང་སྟེ། སྡེ་བའི་ཐུན་མོང་དཔལ་འབྱོར་དང་རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་གཏོང་བའི་ཐབས་ལམ་ཤུགས་ཆེན་པོས་རྒྱ་སྐྱེད།

ཚེ་རིང་སྒྲོལ་མས་བསྒྱུར།