ཟླ5པའི་ཚེས23ཉིན། ཡུས་ཧྲུའུ་གནམ་གྲུ་ཐང་གི་སྒྱུར་བཀོད་རྒྱ་སྐྱེད་བཟོ་སྐྲུན་ཐད་ལས་རིགས་ཀྱི་སྤྱིའི་ལྟ་ཞིབ་རྩིས་ལེན་ཐོབ་ནས། དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས།
གསར་འགོད་པས་མཚོ་སྔོན་གནམ་གྲུ་ཐང་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་དངོས་ཀྱི་ཞིབ་བཤེར་འཐེན་ཞིབ་དང་ཡིག་ཆར་ཞིབ་དཔྱད་བྱེད་པ། ལེགས་འགྲུབ་བྱུང་ནས་ལྟ་ཞིབ་རྩིས་ལེན་བྱེད་པ་དང་དག་ཐེར་ལེགས་བཅོས་གནས་ཚུལ་ལ་བསྐྱར་བཤེར་བྱེད་པ་སོགས་ཀྱི་རིམ་པ་བརྒྱུད་དེ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྐབས་འདིའི་བཟོ་སྐྲུན་གྱིས་ཐོག་མའི་ཇུས་འགོད་དང་རགས་རྩིས་མཆན་བཀོད་འཛུགས་སྐྲུན་གྱི་ནང་དོན་ཡོངས་འགྲུབ་བྱས་པ་དང་། བཟོ་སྐྲུན་གྱི་སྤུས་ཚད་རྒྱལ་ཁབ་དང་ལས་རིགས་ཀྱི་ཚད་གཞི་དང་མཐུན་ལ། བཟོ་སྐྲུན་གྱི་སྒྲིག་ཆས་གཙོ་བོའི་ཆ་སྡེབས་ཚོད་ལྟ་དང་མཉམ་འབྲེལ་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་རྒྱུན་ལྡན་ཡིན་ལ། བཟོ་སྐྲུན་གྱིས་ཇུས་འགོད་སྣ་ཚོགས་དང་གནམ་གྲུ་ཐང་གི་འཁོར་རྒྱུག་བདེ་འཇགས་དང་ཐོན་སྐྱེད་བཀོལ་སྤྱོད་ཐད་ཀྱི་དགོས་མཁོ་སྐོང་ཐུབ་པས། སྤྱིའི་ཆ་ནས་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་འཛོམས་ཡོད་པར་འདོད།
སྐབས་འདིའི་ཡུས་ཧྲུའུ་གནམ་གྲུ་ཐང་སྒྱུར་བཀོད་རྒྱ་སྐྱེད་གསར་འཛུགས་བཟོ་སྐྲུན་ཁྲོད་གསར་སྣོན་བྱས་པའི་གནམ་གྲུ་འདུག་ས་དགུ་དང་། ཐད་གཏུག་འབྲེལ་འདྲིས་བགྲོད་ལམ་གཅིག གསར་དུ་ལས་པའི་མཁའ་འགྲུལ་ཐོག་ཁང་། ཚོང་ཟོག་ས་ཚིགས་སྒྱུར་བཀོད་བཟོ་སྐྲུན་སོགས་འདུ་ལ། བཟོ་སྐྲུན་དེ་དག་ཡོངས་འགྲུབ་བྱས་པར་མ་ཟད་བཀོལ་སྤྱོད་བྱེད་འགོ་བརྩམས། ཁམས་ཁུལ་གྱི་ལྟེ་གནས་གནམ་གྲུ་ཐང་དང་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་གནམ་གྲུ་ཐང་ཕལ་བ་ཡིན་པའི་ཆ་ནས། ཡུས་ཧྲུའུ་གནམ་གྲུ་ཐང་མཁའ་འཁྲུལ་སྐྱེལ་འདྲེན་ཐད་ནས་མགྱོགས་མྱུར་སྒོས་འཕར་སྣོན་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། 2023ལོའི་འགྲུལ་སྐྱེལ་ཚད་མི་ཐེངས་འབུམ་གསུམ་དང་ཁྲི་དྲུག་སྟོང་དྲུག་ལས་བརྒལ་ལ། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་གནམ་གྲུ་ཐང་ཁྲོད་ཀྱི་སྣེ་ཁྲིད་དུ་གྱུར་ཡོད། ཐེངས་འདིའི་བསྒྱུར་བཀོད་སྐྱེད་འཛུགས་བཟོ་སྐྲུན་སྤྱི་ཁོག་ནས་ལས་རིགས་ཀྱི་ལྟ་ཞིབ་རྩིས་ལེན་ཐོབ་པ་དང་། དེས་ཡུས་ཧྲུའུ་གནམ་གྲུ་ཐང་གི་བདེ་འཇགས་ཞབས་ཞུ་ཕྱོགས་བསྡུས་འགན་སྲུང་ནུས་པའི་ཐད་ནས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད།
རིན་ཆེན་མཚོས་བསྒྱུར།