པཎྚིཏའི་མཉེན་ཆས་རབ་དང་རིམ་པ་འགྲེམས་སྤེལ་བྱས།
2024.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ5པའི་ཚེས25ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱེད་པའི་བོད་ཡིག་རིག་ནུས་ཆ་འཕྲིན་ཐག་གཅོད་དང་ཉེར་སྤྱོད་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་པཎྚིཏའི་མཉེན་ཆས་འགྲེམས་སྤེལ་ཚོགས་འདུ་དང་གྲུབ་འབྲས་གཞན་སྒྱུར་གྱི་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་དུ་བསྡུས།     དེ་ནི་རང་ཞིང་གི་ཚན་རྩལ་གསར་སྐྲུན་བྱ་བ་འཕེལ་རྒྱས་ཡར་ཐོན་བྱུང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ།    རང་ཞིང་གི་མཐོ་རིམ་སློབ་གྲྭས་འབྲེལ་ཡོད་ཚན་ཞིབ་ཁྱབ་ཁོངས་སུ་བླངས་པའི་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཞིག་ཡིན་པ་ཡང་མཚོན་ཡོད།

མཚོ་སྔོན་དགེ་ཐོན་སློབ་ཆེན་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱེད་པའི་བོད་ཡིག་རིག་ནུས་ཆ་འཕྲིན་ཐག་གཅོད་དང་ཉེར་སྤྱོད་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ལ2021ལོར་ཆོག་མཆན་ཐོབ་པ་དང་། དེ་ནི་མིག་སྔར་རྒྱལ་ནང་གི་བོད་ཡིག་ཆ་འཕྲིན་ཐག་གཅོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གཅིག་པུ་ཡིན་པ་དང་། སློབ་གྲྭའི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་ཐད་ཐོལ་བརྒལ་གསར་པ་བྱུང་ཡོད།     ཚོད་ལྟ་ཁང་གིས་མདོ་དབུས་མཐོ་སྒང་ས་ཁུལ་གྱི་སྐད་ཡིག་ཆ་འཕྲིན་ཐག་གཅོད་དང་རིག་གནས་རིག་ནུས་སོགས་ལག་རྩལ་གྱི་དཀའ་གནད་ལ་དམིགས་ཏེ། ཕུལ་བྱུང་ཆེད་མཁས་པ་སྐོར་ཞིག་གཅིག་ཏུ་བསྡུས་ནས། པཎྚིཏའི་མཉེན་ཆས་རབ་དང་རིམ་པ་མཚོན་བྱེད་ཡིན་པའི་ཚན་ཞིབ་གྲུབ་འབྲས་བླངས་པ་དང་། ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་ཀྱིན་ཡོད་པས་རྒྱ་ཆེའི་སྤྱོད་མཁན་དག་གིས་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད།    ཐེངས་འདིར་བཏོན་པའི་པཎྚིཏའི་མཉེན་ཆས་རིགས་ལ་ཡིག་སྒྱུར་དང་ཚིག་མཛོད་།    དབྱེ་འབྱེད།    ཚད་ལྡན་ཡིག་ཆ།    བོད་ལུགས་གསོ་རིག་སོགས་ཉེར་སྤྱོད་ཁྱབ་ཁོངས་མང་པོའི་ཚན་ཞིབ་གྲུབ་འབྲས་དང་འབྲེལ་བ་ཡོད་པ་དང་། བོད་ཡིག་ཆ་འཕྲིན་ཐག་གཅོད་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྣེ་ཁྲིད་དང་གཙོ་ཁྲིད་ཀྱི་གནས་བབ་སྔར་ལས་སྲ་བརྟན་དུ་གཏོང་ཆེད་ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད།

ཉིན་དེར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དང་ཨ་ལིས་སྤྲིན་རྩིས་ཚད་ཡོད་ཀུང་སིའི་ནུབ་བྱང་ཡན་ལག་ཀུང་སི་སོགས་ལས་ཁུངས12ཀྱིས་དངོས་སུ་གན་རྒྱ་བཞག།     གན་རྒྱ་འཇོག་མཁན་གྱི་འཐུས་མིས་བཤད་རྒྱུར། བོད་ཡིག་རིག་ནུས་ཆ་འཕྲིན་ཐག་གཅོད་དང་བེད་སྤྱོད་བྱེད་པ་དེ་མཚོ་སྔོན་གྱི་གཞི་གྲངས་དཔལ་འབྱོར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་ཐུབ་ངེས་ཡིན་ལ། བོད་ཡིག་རིག་ནུས་ཆ་འཕྲིན་ཐོན་ལས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། བོད་འབྲེལ་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་གཞི་གྲངས་ཉེར་སྤྱོད་ཐོན་རྫས་ཀྱི་དགོས་མཁོ་སྐོང་བར་གལ་འགངས་ཤིན་ཏུ་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་དོན་སྙིང་ལྡན་ཡོད།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞུའེ་རུང་གིས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ནས། “ཤར་གྲངས་ནུབ་རྩིས”རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བའི་ནང་གཏིང་ཟབ་ཏུ་འདྲེས་པར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པས། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་འཕེལ་རྒྱས་དང་འཛུགས་སྐྲུན་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱས་པ་དང་།    འགྲན་ལམ་གསར་པ་གཏོད་ཡོད་ལ་སྒུལ་ཤུགས་གསར་པ་ཡང་བསྣན་ཡོད།     སློབ་གྲྭས་ཚོད་ལྟ་ཁང་མུ་མཐུད་དུ་མདོ་དབུས་མཐོ་སྒང་དུ་རྩ་བ་ཚུགས་པར་རྒྱབ་སྐྱོར་ཧུར་ཐག་བྱས་ནས། ཆ་འཕྲིན་ལག་རྩལ་གསར་པ་དེས་ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྔར་ལས་བཟང་བོ་བྱས་ཏེ། རང་ཞིང་གི་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་འདེགས་སྐྱོར་གྱི་འགན་སྲུང་ནུས་པ་འདོན་སྤྲོད་བྱ་དགོས།     དེ་དང་ཆབས་ཅིག ཚོད་ལྟ་ཁང་དེ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་རིམ་པའི་བོད་ཡིག་རིག་ནུས་ཆ་འཕྲིན་ཐག་གཅོད་ཚན་རིག་ཞིབ་འཇུག་གི་གཡུལ་ས་གཙོ་བོ་དང་།    ཚན་ཞིབ་གསར་སྐྲུན་གྱི་མཐོ་ས།    ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་བཅས་སུ་ཧུར་ཐག་གིས་བསྐྲུན་རྒྱུ་ཡིན་ཟེར།

ཤ་བོ་རིན་མཚོས་བསྒྱུར།