2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་ཟི་ལིང་དུ་སྤེལ་འགོ་བརྩམས།
2024.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ5པའི་ཚེས25ཉིན། ཞིང་ཆེན་ཚན་རིག་ལག་རྩལ་ཐིན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུའུ་དང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་ཁང་བཅས་ཀྱིས་འགན་ཁུར་ནས་བསྒྲུབས་པའི2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་ཟི་ལིང་དུ་སྤེལ་འགོ་བརྩམས།

ད་ལོར་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་འགུལ་གཟའ་འཁོར་གྱིས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་ཆེར་བསྐྱེད་པ་བརྗོད་དོན་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚན་རྩལ་གསར་གཏོད་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དྲིལ་སྒྲོག་ཟབ་མོ་བྱས་ལ། ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱས། བྱ་འགུལ་ཡུལ་དངོས་སུ་ཚན་རྩལ་ཁྱབ་གདལ་བརྙན་རིས་ལ་ལྟ་བ་དང་ཡུལ་དངོས་འགན་བབ་ནད་བརྟག མི་མེད་འཕྲུལ་ཆས་རྒྱང་བསྟེན་ལག་རྩལ་འགྲེམ་སྟོན། ན་གཞོན་ལོ་ཆུང་གི་ཚན་རྩལ་བརྩམས་ཆོས་འགྲེམ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ། གྲོང་ཁྱེར་གྱི་སྡོད་དམངས་ཚོས་ཉེ་ས་ནས་ཚན་རྩལ་དང་གསར་གཏོད་མྱོང་ཚོར་བྱེད་ཐུབ་པར་བྱས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་སྡེ་ཁག ཚན་རིག་ཞིབ་འཇུག་དང་ཚན་རྩལ་ཁྱབ་གདལ་རྟེན་གཞི། རིགས་མི་འདྲ་བའི་ཚན་རྩལ་ར་བ་སོགས་ཚན་རྩལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཞིང་ཁ་དང་བཟོ་གྲྭ། གཏེར་ཁུངས་ཁེ་ལས། གཞིས་ཁུལ། སློབ་གྲྭ་འབྲིང་ཆུང་སོགས་སུ་སོང་ནས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་མང་བའི་མང་ཚོགས་རང་བཞིན་གྱི་ཚན་རྩལ་བྱ་འགུལ་དུས་མཉམ་དུ་སྤེལ། གཅིག་བསྡུས་སྒོས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་། ཞིང་ཕྱུགས་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་དང་གནམ་གཤིས། ས་ཡོམ། རིམས་ནད་སྔོན་འགོག་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བྱས། དེ་ལས་གཞན། ཞིང་ཆེན་ཚན་རྩལ་ཐིན་གྱིས་ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁྱབ་གདལ་འགྲེལ་བཤད་འགྲན་སྡུར་དང་།    མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁྱབ་གདལ་གྱི་བརྙན་རིས་ཆུང་བའི་འགྲན་སྡུར། མཚོ་སྔོན་ཞིང་ཆེན་གྱི་ཕུལ་དུ་བྱུང་བའི་ཚན་རྩལ་ཁྱབ་གདལ་བརྩམས་ཆོས་ངོ་སྤྲོད། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ཚོད་ལྟ་འགྲེམ་འཁྲབ་སོགས་ཀྱི་དཔེ་སྟོན་བྱ་འགུལ་གལ་ཆེན་རྩ་འཛུགས་བྱས།

ཚན་རྩལ་བྱ་འགུལ་གཟའ་འཁོར་དེ་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་བྱ་བར་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་བྱ་འགུལ་དུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་པ་དང་། སྔོན་ཐོན་གྱི་བྱེད་ཐབས་དང་ཉམས་མྱོང་ཁྱབ་གདལ་དུ་བཏང་ལ། ཚན་རྩལ་ཆེད་མངགས་པ་དང་མཐོ་རིམ་སློབ་གླིང་། ཚན་རིག་ཞིབ་འཇུག་སྡེ་ཁག་སོགས་ཀྱིས་ཚན་རྩལ་གྱི་ཐོན་ཁུངས་བེད་སྤྱད་དེ་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཚན་རྩལ་ཁྱབ་གདལ་བྱ་འགུལ་སྣ་ཚོགས་སྤེལ་བར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས།

རིན་ཆེན་མཚོས་བསྒྱུར།