མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“ན་གཞོན་གྱི་དགོང་མོའི་སློབ་གྲྭ”སྒྲུབ་སྟེ། ན་གཞོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས།
2024.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ངལ་གསོའི་དུས་ཚོད་ནང་དུ་ན་གཞོན་རྣམས་ཀྱི་རིག་གནས་སྒྱུ་རྩལ་གྱི་སྤུས་ཚད་དང་ཆེད་ལས་རྩལ་ནུས་མཐོར་འདེགས་གཏོང་བར་སྟེགས་བུ་སྐྲུན་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པས “ན་གཞོན་གྱི་དགོང་མོའི་སློབ་གྲྭ”ཞེས་པའི་བསླབ་ཚན་རབ་དང་རིམ་པར་རྩ་འཛུགས་བྱས་པ་དང་། ཟླ4པའི་ཟླ་དཀྱིལ་ནས་མགོ་བརྩམས་ཏེ་ཟླ5པའི་ཚེས24ཉིན་བར་དུ་བསྡོམས་པས་ཐེངས་བདུན་ལ་བསླབ་ཚན་བཀོད་སྒྲིག་བྱས་པ་དང་། ན་གཞོན་ཉིས་བརྒྱ་ཙམ་ཐེངས་འདིའི་སློབ་ཁྲིད་ལ་ཞུགས་ཡོད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། གུང་གཞོན་ཚོགས་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས“དྲ་སྟེང་དང་ཡུལ་དངོས”གཉིས་དང་། “རྒྱུགས་ཤོག་སྟེང་དྲི་བ་འདོན་པ་དང་། གནད་ལ་འཁེལ་བའི་སྒོ་ནས་དགོས་མཁོ་འདྲི་བའི”རྣམ་པ་རྒྱུན་འཁྱོངས་བྱས་ཏེ། ན་གཞོན་གྱིས“ཅི་ཞིག་སྦྱོང་འདོད་པ”གསལ་བོར་རྟོགས་པར་བྱས་ཤིང་། ཐོན་ཁུངས་ཀྱི་དགོས་མཁོ་བསྐོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས་དོན་ངོ་མའི་སྟེང་དགོས་མཁོ་གསར་བསྒྱུར་བྱེད་པ་དང་། སྐོར་ཁག་བགོས་ནས་བསླབ་ཚན་བཀོད་སྒྲིག་བྱེད་པ། སྤུས་ལེགས་གསོ་སྐྱོང་གི་བསླབ་ཚན་བཅས་གདམ་སྟེ། དཔེ་ཀློག་ཚོགས་འདུ་ནས་སྲོལ་རྒྱུན་གྱི་ལག་རྩལ་དང་། ལུས་རྩལ་བདེ་ཐང་ནས་འཚོ་བའི་མཛེས་དཔྱོད་རིག་པ། ཡོ་ག་དང་། ཤོག་དྲས། པར་ལེན་སོགས་བསླབ་ཚན་བཅུ་ལྷག་ཙམ་གསར་སྐྲུན་བྱས།

“ན་གཞོན་གྱི་དགོང་མོའི་སློབ་གྲྭ”ལ་རིམ་པ་སོ་སོའི་གུང་གཞོན་ཚོགས་པས་རྩ་འཛུགས་སྣེ་ཁྲིད་བྱས་ཏེ། སྤྱི་པའི་ཚོགས་རའི་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་དང་འབྲེལ་ཡོད་སྡེ་ཁག་སོ་སོའི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་ཤིང་། ཆེད་ལས་ཅན་གྱི་སྤྱི་ཚོགས་སྟོབས་ཤུགས་ལུགས་མཐུན་ངང་ནང་འདྲེན་བྱས་ཏེ། “ན་གཞོན་གྱི་དགོང་མོའི་སློབ་གྲྭ་དང་གཞུང་ལུགས་སྒྲོག་འགྲེལ།” “ན་གཞོན་གྱི་དགོང་མོའི་སློབ་གྲྭ་དང་རིག་གནས་བརྗེ་རེས།”“ན་གཞོན་གྱི་དགོང་མོའི་སློབ་གྲྭ་དང་གཟུགས་འདས་ཤུལ་བཞག་རིག་གནས་སློབ་ཁྲིད”སོགས་ཀྱི་རྣམ་པ་མུ་མཐུད་འཚོལ་ཞིབ་བྱས་ཏེ། ན་གཞོན་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་བྱེད་ཐབས་གསར་པ་སྐྲུན།

“ན་གཞོན་གྱི་དགོང་མོའི་སློབ་གྲྭ”ནི་སྤྱི་ཕན་རང་བཞིན་དང་ཀུན་ཕན་རང་བཞིན་གྱི་བྱ་འགུལ་ཞིག་ཡིན་ཞིང་།“ན་གཞོན་ཚོ་ལས་ཀ་གྲོལ་རྗེས་དགོང་མོའི་སློབ་གྲྭར་ཞུགས་ཐུབ་པའི”འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ན་གཞོན་གྱི་རྒྱུན་ལྡན་ངལ་གསོའི་སྐབས་དང་བྱ་བ་སྒྲུབ་པའི་སྐབས་ཀྱི་དགོང་མོའི་དུས་ཚོད་དང་། གཟའ་མཇུག རྒྱལ་ཁབ་ཀྱི་གཏན་འཁེལ་བྱས་པའི་ངལ་གསོ་ཉིན་མོ་སོགས་སུ་བབ་དང་བསྟུན་ནས་བསླབ་ཚན་བཀོད་སྒྲིག་བྱས་པ་དང་། དེའི་དམིགས་ཡུལ་ནི་རྒྱ་ཆེའི་ན་གཞོན་རྣམས་ཀྱི་སློབ་སྦྱོང་གི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་བསྐང་རྒྱུ་དེ་རེད།

ཚེ་རིང་སྒྲོལ་མས་ཡིག་སྒྱུར་བྱས།