མཚོ་སྔོན་ཞིང་ཆེན་གྱི་མེ་འགོག་མེ་གསོད་ལས་ཁུངས་ཀྱིས་དམངས་སྲིད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་རྒན་གསོའི་ལས་ཁུངས་ཀྱི་མེ་འགོག་མེ་གསོད་ཞིབ་བཤེར་བྱ་བ་བསྒྲུབས།
2024.05.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ5པའི་ཚེས27ཉིན།  རྒན་གསོའི་ལས་ཁུངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་ཆེད། རང་ཞིང་གི་མེ་འགོག་མེ་གསོད་སྡེ་ཁག་གིས་དམངས་སྲིད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཁུལ་ཁོངས་ཀྱི་རྒན་གསོའི་ལས་ཁུངས་ལ་མེ་འགོག་མེ་གསོད་བདེ་འཇགས་མཉམ་འབྲེལ་ཞིབ་བཤེར་འགུལ་སྐྱོད་སྤེལ་བ་དང་།  རྒན་གསོའི་ཞབས་ཞུའི་ལས་ཁུངས་ཀྱི་གློ་བུར་དོན་རྐྱེན་ལ་གདོང་གཏོད་པའི་ཐག་གཅོད་ནུས་པ་དང་བྲོས་བྱོལ་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་ནས། རྒན་གསོའི་ལས་ཁུངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་ལ་ཁག་ཐེག་བྱས།

མཚོ་ཤར་གྲོང་ཁྱེར་གྱི་མེ་འགོག་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་དེ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཕན་བདེ་ཁང་ལ་སོང་ནས་ལས་ཁུངས་ཀྱི་བདེ་འཇགས་འགྲོ་སྒོ་དང་ཁ་འགྲེམ་བགྲོད་ལམ། མེ་འགོག་མེ་གསོད་སྒྲིག་བཀོད། མེ་གསོད་སྒྲིག་ཆས། ཟ་ཁང་དང་ཇ་ཁང་གི་མེ་དང་གློག་བཀོལ་བའི་གནས་ཚུལ་བཅས་ཕྱོགས་ཡོངས་ལ་ཞིབ་བཤེར་ཞིབ་མོ་བྱས་པར་མ་ཟད། ལས་བྱེད་མི་སྣར་དམིགས་བསལ་གནས་ཡུལ་གྱི་ཉིན་རྒྱུན་གྱི་མེ་འགོག་བྱ་བའི་གཙོ་གནད་དང་དོ་སྣང་བྱེད་དགོས་པའི་དོན་དག་སྣ་ཚོགས་འགྲེལ་བཤད་གསལ་བོ་བྱས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མེ་འགོག་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་དེ་རྨ་ཆེན་རྫོང་གི་རྒན་པའི་བདེ་སྐྱིད་ཁྱིམ་ཚང་ལ་སོང་ནས་མེ་འགོག་མེ་གསོད་བདེ་འཇགས་ལ་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་མི་སྣས་ཐོག་མར་རྒན་གསོའི་ལས་ཁུངས་ཀྱི་འགན་འཁུར་མི་སྣར་མེ་འགོག་མེ་གསོད་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་དོན་འཁྱོལ་གནས་ཚུལ་དང་ཉིན་རྒྱུན་གྱི་མེ་འགོག་མེ་གསོད་བདེ་འཇགས་སྐོར་བཤེར་བྱ་བ་སྤེལ་བའི་གནས་ཚུལ་འདྲི་རྩད་བྱས།  དེའི་རྗེས་སུ་རྒན་པའི་ཉལ་ཁང་དང་འགུལ་སྐྱོད་ཁྱབ་ཁོངས། ཇ་ཁང་སོགས་གནས་ཡུལ་གཙོ་བོའི་མེ་འགོག་མེ་གསོད་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁར་གྲལ་བཤེར་ཞིབ་མོ་བྱས། དེ་དང་མཉམ་དུ། ཞིབ་བཤེར་མི་སྣས་རྒན་གསོའི་ལས་ཁུངས་ཀྱི་ལས་བྱེད་མི་སྣར་མེ་གསོད་སྟེམ་སྒོ་དང་མེ་གསོད་ཆས་བཀོལ་སྤྱོད་བྱེད་སྟངས་སྐོར་གསོ་སྦྱོང་བྱས་པ་དང་། མེ་འགོག་མེ་གསོད་ཀྱི་བདེ་འཇགས་དོ་དམ་དང་ཉིན་རྒྱུན་གྱི་མེ་འགོག་ཞིབ་བཤེར་སྐོར་བཤེར་ལ་ཤུགས་སྣོན་བྱེད་པར་མ་ཟད།  རྒན་པའི་ལུས་ཕུང་གི་གནས་ཚུལ་ལ་གཞིགས་ཏེ། རྒན་པས་མེ་དང་གློག་ཚད་ལྡན་སྒོས་བཀོལ་སྤྱོད་བྱེད་པར་སློབ་གསོ་གཏོང་བར་ཤུགས་སྣོན་པ་དང་། ཁ་གཏད་རང་བཞིན་གྱི་མེ་འགོག་མེ་གསོད་ཀྱི་བདེ་འཇགས་སྣེ་སྟོན་དང་ཞབས་ཞུ་འདོན་སྤྲོད་བྱས་ནས། རྒན་པའི་མེ་འགོག་མེ་གསོད་ཀྱི་བདེ་འཇགས་འདུ་ཤེས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགོ་ཁྲིད་པས་བསྟན་དོན། རྗེས་ཕྱོགས་རང་ཞིང་གི་རིམ་པ་སོ་སོའི་མེ་འགོག་མེ་གསོད་སྡེ་ཁག་གིས་རྒན་གསོའི་ཞབས་ཞུའི་ལས་ཁུངས་ཀྱི་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་པ་དང་། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དངོས་འབེབས་ནན་མོ་བྱེད་ཅིང་། བདེ་འཇགས་དོགས་ཟོན་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་བཏང་སྟེ། རྒན་པའི་བློ་བདེའི་རྒན་གསོའི་ཁྱིམ་གཞིས་དེ་སྟོབས་ཤུགས་གཅིག་སྡུད་ཀྱིས་བརྟན་སྲུང་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།