མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྟོང་ཝ་འབུམ་གཉིས་དང་ཁྲི་གཅིག་སྟོང་བཞིའི་འོད་ཤུགས་ལས་གཞི་དངོས་སུ་ལས་མགོ་བརྩམས།
2024.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

གསར་འགོད་པས་རྒྱལ་ཁབ་ནུས་ཁུངས་མཚོ་སྔོན་རྨ་ཆུའི་མར་སྟེང་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟ་དངོས་སུ་འཛུགས་སྐྲུན་བྱེད་བཞིན་པའི“ཆུ་རླུང་འོད་གསོག”གི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་མང་གསབ་རེས་རྟེན་གཞི་ནས་ཡང་བསྐྱར་དགའ་འོས་པའི་དོན་བཟང་ཞིག་བསྒྲགས་ཡོང་བ་ནི། རྒྱལ་ཁབ་ནུས་ཁུངས་མགོ་ལོག་གི་དུས་སྐབས་དང་པོའི་སྟོང་ཝ་འབུམ་གསུམ་གྱི་སྐོར་ཁག་གཉིས་པའི་སྟོང་ཝ་འབུམ་གཉིས་དང་ཁྲི་གཅིག་སྟོང་བཞིའི་འོད་ཤུགས་ལས་གཞི་དང་འཕར་གནོན་ས་ཚིགས་ནས་གློག་ཕྱིར་སྐྱེལ་བའི་བཟོ་སྐྲུན་དེ་ཚེས་ཉེར་ལྔ་ཉིན་དངོས་སུ་ལས་མགོ་བརྩམས་པ་དང་། ལས་གཞི་དེ་ལས་ནས་འགྲུབ་རྗེས། ལོ་རེར་ཆ་སྙོམས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལ་བསླེབ་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ལས་གཞི་དེ་ནི 2024 ལོའི་མཚོ་སྔོན་ཞིང་ཆེན་གྱི་གློག་ཤུགས་ལས་རིགས་ཀྱི་ལས་གཞི་གཙོ་བོ་ཞིག་ཡིན་པ་དང་། ལས་གཞི་དེ་ཡིས་སྒྲིག་ཆས་ཆ་ཚང་ཡིན་པའི་སྟོང་ཧྥུའུ110ཡི་འཕར་གནོན་ས་ཚིགས་གཅིག་དང་སྤྱི་ལེ 28 ཡོད་པའི་སྟོང་ཧྥུའུ 110 ཡི་གློག་ཕྱིར་སྐྱེལ་བའི་ལམ་ཐིག་གསར་དུ་འཛུགས་སྐྲུན་བྱེད་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་དེ་ལས་མགོ་བརྩམས་རྗེས་ལོ་རེར་ཆ་སྙོམས་ཀྱིས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལ་སླེབས་སྐབས། ཚད་ལྡན་རྡོ་སོལ་ཏུན་འབུམ་གཅིག་དང་སྟོང་བརྒྱད་བདུན་བརྒྱའི་ནུས་ཁུངས་གྲོན་ཆུང་བྱེད་ཐུབ་པ་དང་། དབྱང་གཉིས་ཐཱན་རྫས་ཏུན་འབུམ་གསུམ་དང་ཁྲི་བཞི་སྟོང་དགུ་ལྷག་དང་དབྱང་གཉིས་མུ་ཟིར་འགྱུར་རྫས་ཏུན་ཁྲི་གཅིག་ལྷག ཏན་དབྱང་འགྱུར་རྫས་ཏུན་སྟོང་ལྔ་དང་སུམ་བརྒྱ་ཉུང་གཏོང་བྱེད་ཐུབ་པ་དང་། དེས་མར་སྟེང་གི“ཆུ་རླུང་འོད་གསོག”གི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་མང་གསབ་རེས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལས་གཞི་ལས་ནས་འགྲུབ་རྗེས་དེ་ནི་མགོ་ལོག་ཁུལ་གྱི་ཆེས་ཆེ་བའི་ནུས་ཁུངས་གསར་བའི་གློག་ཁུངས་ས་ཚིགས་སུ་འགྱུར་རྒྱུ་ཡིན་པས། མགོ་ལོག་ཁུལ་གྱི་ས་གནས་ཀྱི་གློག་དྲས་གློག་མཁོ་འདོན་བྱེད་ཚད་ལ་རྒྱབ་རྟེན་བཅོལ་ཆོག་པའི་རང་བཞིན་ཕན་འབྲས་ལྡན་པའི་སྒོ་ནས་མཐོ་རུ་གཏང་ཐུབ། ལས་གཞི་དེའི་འབྲེལ་ཡོད་འགན་འཁུར་བས་བཤད་པ་ལྟར་ན། ལས་གཞི་དེའི་འཛུགས་སྐྲུན་འཕེལ་རིམ་དམ་འཛིན་བྱས་ནས་སྒྲུབ་བཞིན་ཡོད་པ་དང་། ད་ལོའི་ཟླ 12 ཚེས 30 ཉིན་བར་དུ་ཤོང་ཚད་ཧྲིལ་པོ་དང་དྲ་བའི་གློག་འདོན་གྱི་འཛུགས་སྐྲུན་དམིགས་འབེན་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱེད་རྒྱུ་རེད་ཟེར།

ཚེ་རིང་སྒྲོལ་མས་བསྒྱུར།