མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི་ཕྱིར་བཏོན་ནས་ནོར་སྲིད་སྦྲེལ་མཐུད་ལ་ཤུགས་བསྣན་པ་དང་། གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལ་བཀོལ་སྤྱོད་དོ་དམ་བྱེད་པར་སྐུལ་འདེད་བཏང་།
2024.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ5ཚེས24ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ནོར་སྲིད་སྦྲེལ་མཐུད་ལ་ཤུགས་བསྣན་ནས་གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལ་བཀོལ་སྤྱོད་དོ་དམ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གྲོས་གཞི་སྒྲིག་བཟོ་བྱས་པར་མ་ཟད་པར་འགྲེམ་བྱས་ཏེ། གཙོ་སྙིང་སྔར་ལས་གཙིགས་སུ་བཟུང་བ་དང་། རང་ཞིང་གི་གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་གྱི་མ་དངུལ་བཀོལ་སྤྱོད་དོ་དམ་ཚད་ལྡན་དུ་བཏང་ལ། མ་དངུལ་གྱི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྲིད་ཇུས་ཀྱི་ཕན་འབྲས་འདོན་སྤེལ་སྔར་ལས་བཟང་བོ་བྱས་ནས། དུས་རབས་གསར་བའི་མཚོ་སྔོན་གྱི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

གྲོས་གཞིའི་ནང་སྤྱིའི་རེ་བ་དང་། མ་དངུལ་རྒྱབ་སྐྱོར་ཁྱབ་ཁོངས་དང་གཙོ་གནད། ལས་གཞི་དོ་དམ་ལ་ཤུགས་སྣོན་པ། མ་དངུལ་དོ་དམ་ལ་ཤུགས་སྣོན་པ། རྩ་འཛུགས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་སོགས་ཁག་ལྔ་འདུ་ལ། མ་དངུལ་རྒྱབ་སྐྱོར་གྱི་ཁ་ཕྱོགས་དང་ལས་གཞི་མཛོད་འཛུགས་པ། མ་དངུལ་གཏོང་བའི་ཐོན་ལས་ཀྱི་ཟིན་ཚད། ལས་གཞི་ལག་བསྟར་དང་ལྟ་ཞིབ་རྩིས་ལེན། མ་དངུལ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ། བྱས་འབྲས་དོ་དམ་ལ་ཤུགས་སྣོན་པ་སོགས་ཕྱོགས་བཅོ་ལྔའི་ཐད་ནས་མ་དངུལ་བཀོལ་སྤྱོད་དོ་དམ་ཚད་ལྡན་དུ་བསྒྱུར་རྒྱུ་རེད། གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་གྱི་མ་དངུལ་གཙོ་བོར་ཐུན་མོང་དེང་རབས་ཅན་གྱི་ཚོད་ལྟ་དང་མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། མི་རིགས་གྲོང་སྡེ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཧྥུལ་དམའ་མཐའ་ཚོང་ཇ་སོགས་ལས་གཞིའི་ཐད་བཀོལ་ནས། ཞིང་འབྲེལ་ཞིང་ཁྲིད་དང་ཞིང་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་ལས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་སོགས་ཀྱི་བྱ་བར་འབྲེལ་འདྲིས་དམ་ཟབ་མེད་པའི་ལས་གཞིའི་ཐད་བཀོལ་མི་རུང་།

གྲོས་གཞིའི་ནང་། ཞིང་ཆེན་རིམ་པའི་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་རྫོང་དང་གྲོང་ཁྱེར། ཆུའུ་ཡི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཟིན་ཚད་དང་རོང་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་སྒོ་དང་། མི་རིགས་བྱ་བའི་གཙོ་གནད་ལས་འགན། གྲོང་ཁྱེར་དང་ཁུལ་གྱི་མ་དངུལ་བགོ་བཤའི་གྲོས་གཞི། ལོ་སྟོད་ཀྱི་བྱས་འབྲས་ཞིབ་དཔྱད་མཇུག་འབྲས་སོགས་གཞིར་བཟུང་ནས། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་བགོ་བཤའ་གྲོས་གཞིའི་ཇུས་གཞི་ཞིབ་འཇུག་དང་སྒྲིག་བཟོ་བྱེད་པ་དང་། རྫོང་དང་གྲོང་ཁྱེར། ཆུའུ་ཡི་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་དུས་ཐོག་ཏུ་རང་ས་ཁུལ་གྱི་ཞིང་ལས་ཞིང་སྡེ་སོགས་སྡེ་ཁག་གིས་དུས་ཚིགས་ལྟར་ལས་གཞི་ལག་བསྟར་བྱེད་ཚད་དང་མ་དངུལ་གཏོང་ཚད་ལ་བཀོད་གཏོང་བྱེད་པར་སྦྲེལ་མཐུད་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།

གྲོས་གཞིའི་ནང་ནན་གྱིས་བསྟན་དོན། མ་དངུལ་རྫོང་དུ་བཀོད་སྒྲིག་བྱེད་པ་དང་། ལས་འགན་དང་འགན་འཁྲི་རྫོང་དུ་བགོ་བའི་རྩ་དོན་ལྟར། རྫོང་དང་གྲོང་ཁྱེར། ཆུའུ་ཡི་གཙོ་གཞི་འགན་འཁྲི་སྔར་ལས་གཏན་ཁེལ་གསལ་བོ་བྱེད་པ། དེ་དང་མཉམ་དུ་གྲོང་ཁྱེར་དང་ཁུལ། ཞིང་ཆེན་རིམ་པའི་མི་རིགས་ཆོས་ལུགས་སྡེ་ཁག་གི་བྱ་བའི་འགན་འཁྲི་གཞིར་བཟུང་ནས། ལས་གཞིའི་ལྟ་སྐུལ་དོ་དམ་དང་སྲིད་ཇུས་ཀྱི་མཛུབ་སྟོན། ལྟ་སྐུལ་ལག་བསྟར་གྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་བཀོལ་སྤྱོད་དོ་དམ་གྱི་ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན། ཕན་འབྲས་རང་བཞིན་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་དངོས་པའི་རྨང་གཞི་ཇེ་བརྟན་གཏོང་ཆེད་འགན་སྲུང་འདོན་སྤྲོད་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།