ཟླ5པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་མཛད་ཅིང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བཅས་ཀྱིས་འགན་སྒྲུབ་བྱས་པའི་སྤྱི་ཚོགས་ཚན་རིག་གི་འཆད་ཁྲིད་ཆེན་མོ་སྐབས་དང་པོ་ཟི་ལིང་ནས་སྤེལ་བ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་གི་འཆད་ཁྲིད་ཆེན་མོ་དངོས་སུ་འཚོགས་མགོ་བརྩམས་པ་མཚོན། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་སོ་སོ། ཞིང་ཆེན་རིམ་པ་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་ཚོགས་པའི་རྩ་འཛུགས་སོགས་མི་བརྒྱ་དང་ལྔ་བཅུ་ཟབ་ཞུགས་བྱས།
ཐེངས་འདིའི་བྱ་འགུལ་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་རིག་གནས་ལྔའི་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བ་ཞེས་པ་བརྗོད་དོན་དུ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་དམངས་སྲོལ་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྤྱི་ཚོགས་རིག་པའི་བསླབ་ཚན་གྱི་སྣེ་ཁྲིད་པ་ཀྲའོ་ཙུང་ཧྥུའུ་གདན་ཞུ་བྱས་ཏེ། ཀྲུང་ཧྭའི་དཔལ་ཡོན་དང་མཚོ་སྔོན་གྱི་ཁུ་ནུའི་རིག་གནས་ལ་གཞིགས་ནས་ཆེད་དུ་སྒྲོག་འགྲེལ་བྱས་ལ། ཀྲུང་ཧྭའི་དཔལ་ཡོན་ལོ་རྒྱུས་སྟེང་གི་ཁུ་ནུའི་རིག་གནས་ཀྱི་གོ་གནས་དང་། ཁུ་ནུའི་རིག་གནས་དང་ཁུ་ནུའི་ལྷ་སྒྲུང། དེ་མིན་མཚོ་སྔོན་གྱི་ས་གནས་རིག་གནས་བར་གྱི་འབྲེལ་བ། མཚོ་སྔོན་ཁུ་ནུའི་རིག་གནས་ཀྱི་རྒྱུད་འཛིན་འཕེལ་རྒྱས་དང་མ་འོངས་འཛུགས་སྐྲུན་སོགས་འགྲེལ་བཤད་བྱས་ནས། ཟབ་ཞུགས་མི་སྣར་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས།
ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་བསམ་བློའི་རིག་གནས་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཚོགས་ཚན་རིག་ལས་རིགས་ཁག་གིས་དུས་རབས་གསར་བའི་རིག་གནས་ཀྱི་འགན་འཁྲི་གསར་བ་འཁུར་བར་སྣེ་སྟོན་བྱེད་ཅིང་། རིག་གནས་ཤེས་བྱ་ཁྱབ་གདལ་གང་ལེགས་གཏོང་བ་དང་། རིག་གནས་ལྔ་སྐྱེད་སྲིང་དར་སྤེལ་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལམ་བུའི་སྟེང་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་ཅིང་། མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆས་ཀྲུང་གོའི་རིག་གནས་གསལ་བཤད་བྱེད་པ། མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཀྲུང་ཧྭའི་རིག་གནས་ཀྱི་ཚད་མཐོའི་ངོས་ཟིན་ཇེ་དྲག་ཏུ་བཏང་སྟེ། ཀྲུང་ཧྭ་རིག་གནས་ཀྱི་མཚོ་སྔོན་གྱི་མིང་བྱང་སྔར་ལས་ཇེ་གསལ་དུ་གཏོང་རྒྱུ་དེ་ཡིན།
ཚང་མས་བསྟན་དོན། ཐེངས་འདིའི་བྱ་འགུལ་ལ་ཆབ་སྲིད་ཀྱི་མཐོ་ཚད་དང་བསམ་བློའི་ཟབ་ཚད་ཡོད་པར་མ་ཟད། གཞུང་ལུགས་ཀྱི་མཐུག་ཚད་དང་ལག་ལེན་གྱི་དྲོད་ཚད་ཀྱང་ཡོད་ལ། རྗེས་ཕྱོགས་དངོས་ཡོད་དང་ཟུང་འབྲེལ་བྱེད་པ་དང་། རིག་གནས་ཀྱི་ཡིད་རྟོན་ཇེ་བརྟན་དང་རིག་གནས་ཀྱི་རང་རྟོགས་ལ་ཤུགས་བསྣན་ཞིང་། རིག་གནས་ཀྱི་འགན་འཁྲི་གསར་བ་འཁུར་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་རིག་གནས་ཀྱི་སྟོབས་ཤུགས་དང་བློ་གྲོས་ལེགས་སྐྱེས་སུ་འབུལ་དགོས།
ལྷ་མོ་འཚོས་བསྒྱུར།