ཟླ5པའི་ཚེས29ཉིན། རྒྱལ་ཡོངས་ཚན་རྩལ་བྱ་བ་བྱེད་མཁན་གྱི་ཉིན་མོ་སྐབས་བརྒྱད་པ་སླེབས་ལ་ཉེ་བའི་སྐབས་འདིར། རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རང་ཞིང་གི་ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་འཛུགས་སྐྲུན་གྱི་གནས་ཚུལ་ལ་སྔར་ལས་རྒྱུས་ལོན་བྱས་ཤིང་། བྱ་བའི་ཉམས་མྱོང་བརྗེ་རེས་བྱས་པ་དང་། རྗེས་ཕྱོགས་ཀྱི་རང་ཞིང་གི་ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་འཛུགས་སྐྲུན་གྱི་འཕེལ་རྒྱས་ལ་གྲོས་བསྡུར་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཡོན་ཧྲི་དང་ཆེད་མཁས་པའི་ཞབས་ཞུའི་ལྟེ་གནས་ཀྱི་ལས་བྱེད་མི་སྣས་ད་ལོའི་ཟླ3པར་གསར་དུ་བཟོ་བཅོས་བརྒྱབ་པའི་མཚོ་སྔོན་ཞིང་ཆེན་གྱི་ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་ཀྱི་དོ་དམ་བྱེད་ཐབས་དང་། མཚོ་སྔོན་ཞིང་ཆེན་ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་ཀྱི་དཔྱད་ཞིབ་ཚད་བསྡུར་བྱེད་ཐབས། མཚོ་སྔོན་ཞིང་ཆེན་གྱི་ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་ཀྱི་འགྲོ་གྲོན་བེད་སྤྱོད་དང་དོ་དམ་བྱེད་ཐབས་བཅས་ལ་འགྲེལ་བཤད་ཞིབ་མོ་བྱས། བཞུགས་མོལ་ཚོགས་འདུའི་བསམ་ཚུལ་བརྗེ་རེས་རིམ་པར། གྲོང་ཁྱེར་དང་ཁུལ་སོ་སོའི་ཚན་རིག་མཐུན་ཚོགས་དང་། བྱ་བའི་ས་ཚིགས་ཀྱི་ཆེད་མཁས་པ། བྱ་བའི་ས་ཚིགས་འཛུགས་སྐྲུན་ཐད་ལ་མོས་པ་ཡོད་པའི་ལས་ཁུངས་ཁ་ཤས་བཅས་ཀྱིས་རང་ངོས་ཀྱི་ཞིབ་འཇུག་ཁྱབ་ཁོངས་དང་། རང་ཉིད་ཡོད་སའི་བྱ་བའི་ས་ཚིགས་དང་གསར་གཏོད་ལྟེ་གནས་འཛུགས་སྐྲུན་གྱི་ཉམས་མྱོང་ལ་ཟུང་འབྲེལ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་འཛུགས་པར་སྐུལ་འདེད་གཏོང་བ་བཅས་ལ་གཞིགས་ནས་ཉམས་མྱོང་མཉམ་སྤྱོད་དང་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱས།
ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་འཛུགས་སྐྲུན་དང་བེད་སྤྱོད་གང་ལེགས་བྱས་ན། མཐོ་རིམ་འཇོན་མིའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ལག་རྩལ་གསར་གཏོད་མཉམ་ལས་བྱེད་པ། རང་ཞིང་གི་ཁྱབ་ཁོངས་གཙོ་བོའི་དགོས་མཁོ་ཆེ་ལ་དཀོན་པོ་ཡིན་པའི་མཐོ་རིམ་འཇོན་མི་སྐྱེད་སྲིང་བྱེད་པའི་དཀའ་གནད་ཐག་གཅོད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་། ཡོན་ཧྲི་དང་ཆེད་མཁས་པའི་བྱ་བའི་ས་ཚིགས་སོ་སོས་མཚོ་སྔོན་གྱི་ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ཀྱི་དཀའ་གནད་གཅིག་སྡུད་བྱས་ཏེ། འགག་རྩའི་ལག་རྩལ་གྱི་འགག་སྒྲོལ་བྱ་བ་སྤེལ་བ་དང་། དམངས་ཚིས་ཕན་བདེ་ཇེ་དྲག་ཏུ་བཏང་ཞིང་། ས་གནས་རང་གི་འཇོན་མི་སྐྱེད་སྲིང་དང་སྐུལ་ཁྲིད་བྱས་ནས། རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་མང་པོ་བཞག་ཡོད།
ཡོན་ཧྲི་དང་ཆེད་མཁས་པ་རྣམས་ཀྱིས་བསྟན་དོན། རྗེས་ཕྱོགས་ཡོན་ཧྲི་དང་ཆེད་མཁས་པ། གསར་གཏོད་ཚོགས་པའི་རིག་གཞུང་སྣེ་ཁྲིད་པ་བཅས་ཀྱི་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་ཅིང་། རིག་གཞུང་སྣེ་ཁྲིད་པ་དང་ཚན་རིག་ཞིབ་འཇུག་གི་ན་གཞོན་རྐང་འཛིན་པ་སོགས་ས་གནས་རང་གི་འཇོན་མིར་རྒྱབ་སྐྱོར་དང་སྐྱེད་སྲིང་བྱེད་པ་དང་། རིག་མཛོད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་བྱ་བ་དང་འཇོན་མིའི་བརྗེ་རེས་བྱ་བ་སྤེལ་ཞིང་། མཚོ་སྔོན་གྱི་རིགས་སོ་སོའི་ཐོན་ལས་དང་ལྷག་པར་དུ་ལྗང་མདོག་རྩིས་ནུས་ཐོན་ལས་གྱི་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་རིག་ནུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན།
ལྷ་མོ་འཚོས་བསྒྱུར།