ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་དང་མཉམ་དུ《ལས་ཤོར་ཉེན་ཚབ་ཀྱིས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་དང་། གྲོན་དངུལ་ཇེ་དམའ་རུ་གཏོང་བ་དང་ལས་གནས་བརྟན་པོ་ཡོང་བར་བྱེད་པ། རྩལ་ནུས་ཇེ་མཐོར་གཏོང་བ་སོགས་སྡེབ་སྒྲིག་རྣམ་པའི་སྲིད་ཇུས་རབ་དང་རིམ་པ་བརྒྱུད་དེ། ནུས་ཤུགས་ཡོད་རྒུས་ཚོང་གཉེར་གཙོ་གཞིའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དམངས་འཚོར་མུ་མཐུད་འགན་སྲུང་དང་ལེགས་བཅོས་བྱས།
《བརྡ་སྦྱོར》ནང་ཁེ་ལས་དང་དམངས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་སྣ་གསུམ་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་གསལ་བོར་བསྟན་ཡོད། ཁུར་པོ་ཇེ་ཡང་དུ་གཏོང་བའི་ཐད་དུས་མཚམས་རང་བཞིན་གྱི་ལས་ཤོར་ཉེན་ཚབ་གྲོན་དངུལ1%བར་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་དུ2025ལོའི་ལོ་མཇུག་བར་ལག་བསྟར་བྱ་རྒྱུ་རེད། ལས་གནས་བརྟན་པོ་ཡོང་བར་བྱེད་པའི་ཐད་ལས་ཤོར་ཉེན་ཚབ་གྲོན་དངུལ་ཟླ12ཡན་འདང་ངེས་སྤྲོད་དགོས་པ་དང་། ལས་མི་ཉུང་འཕྲི་བྱས་མེད་པའམ་ཉུང་འཕྲིའི་ཉེན་ཚབ་ནང་ཞུགས་པའི་ཁེ་ལས་ལ་ལས་གནས་བརྟན་པོ་ཡོང་བར་བྱེད་པའི་མ་དངུལ་སྟེར་དགོས་ལ། ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་དང་དེའི་ལས་བཟོ་པས་ལོ་སྔོན་མའི་ལས་ཤོར་ཉེན་ཚབ་གྲོན་དངུལ་དངོས་སུ་འཇལ་བའི་ཁྲོད30%ཕྱིར་སློག་དགོས་པ་དང་། ཁེ་ལས་འབྲིང་ཆུང་དང་ཆུང་གྲས་ཀྱིས60%ཕྱིར་སློག་དགོས། རྩལ་ནུས་ཇེ་མཐོར་གཏོང་བའི་ཐད་ལས་ཤོར་ཉེན་ཚབ་ནང་ཞུགས་ནས་ལོ་གཅིག་འགོར་བ་དང་། རྩལ་ནུས་མི་སྣའི་ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་པའི་ཁེ་ལས་ཀྱི་ལས་ཐོག་ལས་བཟོ་པའམ་ལས་ཤོར་ཉེན་ཚབ་དངུལ་ལེན་མཁན་ལ་དམའ་རིམ(རིམ་པ་ལྔ་པ)སྒོར1000དང་། འབྲིང་རིམ(རིམ་པ་བཞི་པ)སྒོར1500། མཐོ་རིམ(རིམ་པ་གསུམ་པ)སྒོར2000བཅས་ཀྱི་ཚད་གཞི་ལྟར་རྩལ་ནུས་ཇེ་མཐོར་གཏོང་བའི་ཁ་གསབ་བྱིན་ཏེ། ལས་བཟོ་པ་དང་ལས་ཤོར་མི་སྣར་རིམ་པ་སྔར་ལས་མཐོ་བའི་རྩལ་ནུས་ཐོབ་རྒྱུར་སྐུལ་མ་གཏོང་བ་དང་ལས་ཞུགས་འགྲན་རྩོད་ནུས་པ་སྔར་ལས་་ཇེ་ཆེར་གཏོང་དགོས།
《བརྡ་སྦྱོར》ནང་རིམ་པ་སོ་སོའི་སྤྱི་ཚོགས་ཉེན་ཚབ་ལས་ཁུངས་ཀྱིས་འཚོ་བའི་འགན་སྲུང་གི་འགྲོ་སྒོ་སྔོན་ལ་འགན་ལེན་བྱས་ཏེ་ལས་ཤོར་ཉེན་ཚབ་ཀྱི་མ་དངུལ་དང་། གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་གྲོན་དངུལ། རིན་གོང་གི་གནས་སྐབས་ཁ་གསབ་སོགས་འཚོ་བའི་འགན་སྲུང་གི་མ་དངུལ་སྟེར་བའི་བྱ་བ་མུ་མཐུད་དུ་ཡག་པོར་སྒྲུབ་ནས། དངོས་གནས་དམངས་འཚོའི་ཚད་མཐའ་བརྟན་པོ་དང་ཡང་དག་པ་ཡོང་བར་བྱེད་དགོས། ལས་གནས་བརྟན་པོ་ཡོང་བར་བྱེད་པའི་མ་དངུལ་གྱི་སྤྱོད་སྒོ་སྔར་ལས་ཇེ་ཆེར་གཏོང་བ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྤྱོད་སྒོ་བཞི་ཡི་རྨང་གཞིའི་ཐོག་ཐོན་སྐྱེད་ཚོང་གཉེར་གྱི་མ་རྩའི་འགྲོ་སོང་ཇེ་དམའ་རུ་གཏོང་རྒྱ་ཆེ་རུ་བཏང་ནས། ཁེ་ལས་ཀྱིས་མ་དངུལ་བེད་སྤྱོད་ལུགས་མཐུན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱོད་སྒོ་ཞིབ་ཕྲ་གཏན་འཁེལ་བྱེད་དགོས། ཁེ་ལས་དཀྱུས་མར་དམིགས་ནས“རེ་ཞུ་བྱེད་མི་དགོས་པར་ལོངས་སྤྱོད་བྱེད་པའི”རྣམ་པ་ལྟར་མ་དངུལ་མུ་མཐུད་དུ་སྟེར་བ་དང་འཕྲིན་ཐུང་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁེ་ལས་ལ་བརྡ་སྦྱོར་བྱས་ཏེ། ཁེ་ལས་ཀྱིས་ལས་གནས་བརྟན་པོ་ཡོང་བར་བྱེད་པའི་མ་དངུལ་བེད་སྤྱོད་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས། ངལ་ལས་མངགས་གཏོང་བྱེད་པའི་ལས་ཁུངས་ལ་ཁ་གཏད་དེ་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་གདལ་གཏོང་བ་དང་གསལ་འགྲེལ་བྱས་ནས། རང་འགུལ་ངང་རེ་ཞུ་བྱེད་པ་མ་ཟད་གཏན་འབེབས་ལྟར་དུས་ཐོག་ཏུ་མ་དངུལ་གཏོང་སྤྲོད་དང་བེད་སྤྱོད་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་བཀག་སྡོམ་གྱི་གནད་དོན་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན།
《བརྡ་སྦྱོར》ནང་རིམ་པ་སོ་སོའི་སྤྱི་ཚོགས་ཉེན་ཚབ་ལས་ཁུངས་ཀྱིས་ལས་ཤོར་མི་སྣས་ལས་ཤོར་ཉེན་ཚབ་མ་དངུལ་རེ་ཞུ་བྱེད་པའི་ཐབས་ལམ་སྔར་ལས་ཐོགས་མེད་བྱས་ནས། བདེན་དཔང་གི་རྒྱུ་ཆ་དང་རེ་ཞུ་བྱེད་པའི་དུས་ཚད། ཆ་རྐྱེན་སྣ་ཚོགས་དང་ཟུར་སྣོན་འོས་འགན་བཅས་ཕྱོགས་ཡོངས་ནས་མེད་པར་བཟོས་ཏེ། ལས་ཤོར་མི་སྣས་ཐོབ་ཐང་ལག་ཁྱེར་རམ་ཡང་ན་སྤྱི་ཚོགས་ཉེན་ཚབ་བྱང་བུ་ཁོ་ནར་བརྟེན་ནས་ཐོབ་ཐང་རེ་ཞུ་བྱེད་ཐུབ་པ་ཁག་ཐེག་བྱས་ནས། དངུལ་ལེན་མཁན་གྱི་བདེ་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་པའི་བླང་བྱ་བཏོན།
ཤ་བོ་རིན་མཚོས་བསྒྱུར།