ཟླ5པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ5པའི་ཟླ་དཀྱིལ་བར་དུ། ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་བཏང་སྟེ། སྤྱི་ཐུན་རིག་གནས་ཞབས་ཞུའི་ཚད་གཞི་ཅན་དང་དོ་མཉམ་ཅན་གཙིགས་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཐུན་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། སྤྱི་ཐུན་རིག་གནས་ཐོན་རྫས་ཀྱི་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་བཏང་ལ། སྤྱི་ཐུན་རིག་གནས་ཞབས་ཞུའི་ཕན་ནུས་མཐོར་འདེགས་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐངས།
རྒྱུས་ལོན་བྱུང་བ་ལྟར་ན། རིག་གནས་ལུས་རྩལ་སྤྱི་ཐུན་སྒྲིག་ཆས་ཕྱོགས་ནས། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་བཏང་ནས་ཞིང་ཆེན་ཡོངས་ཀྱི་རྟེན་མཛོད་གླིང་ཉི་ཤུ་དང་། ལུས་རྩལ་ར་བ་གྱ་གཅིག དཔེ་མཛོད་ཁང་དང་མཛེས་རྩལ་ཁང་། རིག་གནས་ཁང་བཞི་བརྒྱ་དང་གོ་གཉིས་སོགས་སྤྱི་ཐུན་རིག་གནས་ལུས་རྩལ་སྒྲིག་ཆས་ཡུལ་གནས་རྒྱུན་ལྡན་ངང་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱས་པར་མ་ཟད། སྤྱི་ཚོགས་ཡོངས་ལ་རིན་མི་ལེན་པ་དང་ཡང་ན་དངུལ་ཉུང་བསྡུ་བྱས་ནས་སྒོ་ཕྱེས་པ་དང་། དམངས་ཡོངས་ལ་ལུས་སྦྱོང་གི་ཡུལ་གནས་དང་ཡོ་བྱད་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ནས། སྤྱི་པའི་ལུས་རྩལ་སྒྲིག་ཆས་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་། རིག་གནས་དམངས་ཕན་བཟོ་སྐྲུན་ཕྱོགས་ནས། མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་བཏང་སྟེ། ཟློས་གར་ཞིང་སྡེ་རུ་བསྐྱོད་པ་དང་རྒྱུན་ཆད་ལ་ཉེ་བའི་ཟློས་གར་རིགས་ཀྱི་ཐད་ནས་རིན་མི་ལེན་པ་དང་ཡང་ན་རིན་དམའ་མོས་འཁྲབ་སྟོན་བྱེད་པ། སྲིད་གཞུང་གིས་རིག་རྩལ་འཁྲབ་སྟོན་ཉོ་སྒྲུབ་བྱེད་པ། རིག་རྩལ་འཁྲབ་སྟོན་པ་གཞི་རིམ་དུ་འཚམས་འདྲི་འཁྲབ་སྟོན་བྱེད་པར་འགྲོ་བ་སོགས་ཀྱི་རིག་གནས་དམངས་ཕན་བཟོ་སྐྲུན་རབ་དང་རིམ་པ་སྤེལ་བར་རྒྱབ་སྐྱོར་བྱས་པ་དང་། བསྡོམས་པས་གཞི་རིམ་གྱི་འཁྲབ་སྟོན་སྟོང་བཞི་དང་དྲུག་བརྒྱ་ལྷག་རྩ་འཛུགས་བྱས་ལ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྐུད་མེད་ཡོངས་ཁེབས་དང་སྤྱི་པའི་གཞི་གྲངས་རིག་གནས་འཛུགས་སྐྲུན། གཞི་རིམ་སྤྱི་ཐུན་རིག་གནས་ཞབས་ཞུའི་སྒྲིག་ཆས་ཉོ་སྒྲུབ་དང་གསར་བརྗེ་སོགས་ལས་གཞི་ལག་བསྟར་བྱས་ནས། དཔེ་ཀློག་བྱེད་པ་དང་རྒྱང་སྒྲོག་ལ་ཉན་པ། བརྙན་འཕྲིན་ལ་བལྟ་བ་སོགས་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། རིག་གནས་འཇོན་མིའི་དཔུང་སྡེ་ཕྱོགས་ནས། མ་དངུལ་སྒོར་བྱེ་བ་གསུམ་བཏང་ནས། གཞི་རིམ་རིག་གནས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། རིག་གནས་བྱ་བ་སྒྲུབ་མཁན་གྱི་གསོ་སྦྱོང་འཛིན་གྲྭ་སྐབས་ཉེར་གསུམ་བསྡུས་པ་དང་མི་ཐེངས་སྟོང་གཉིས་དང་ཉིས་བརྒྱ་བཞི་བཅུ་ལ་གསོ་སྦྱོང་བྱས་ལ། མཐའ་འཁོར་དབུལ་ཕོངས་ས་ཁུལ་དང་མཐའ་མཚམས་ཀྱི་མི་རིགས་ས་ཁུལ། གསར་བརྗེའི་གནས་རྙིང་ས་ཁུལ་ལ་རིག་གནས་བྱ་བ་སྒྲུབ་མཁན་སྟོང་གཅིག་དང་སུམ་བརྒྱ་བཞི་བཅུ་གདམ་མངགས་བྱས་པ་དང་། ས་གནས་ཀྱི་གཞི་རིམ་གྱིས་སྤྱི་ཐུན་རིག་གནས་ཞབས་ཞུ་སྤེལ་བར་མཛུབ་སྟོན་དང་སྣེ་ཁྲིད་བྱས་ནས། རིག་གནས་འཇོན་མིའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས།
རིན་ཆེན་མཚོས་བསྒྱུར།