གསར་འགོད་པས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་དཔྱོད་ལས་ཁུངས་དང་བཟོ་ཚོགས་གཉིས་ཀྱི་མཉམ་ལས་མཉམ་སྡེབ་ལ་ཤུགས་སྣོན་པ་དང་། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་ཆེད། མིག་སྔར། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བྱ་བའི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པའི་སྡེ་ཁག་མཉམ་ལས་མཉམ་འགུལ་གྱི་རྐྱེན་སྲོལ་འཛུགས་པའི་བསམ་འཆར་གཏན་འབེབས་བཟོས།
བསམ་འཆར་ལས་ནན་གྱིས་བསྟན་དོན། ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟ་རྟོག་འགན་ནུས་དང་བཟོ་ཚོགས་ཀྱི་རྩ་འཛུགས་དགེ་མཚན་གཉིས་མཉམ་འདྲེས་གང་ལེགས་བྱེད་པ་དང་། རང་འགན་རང་གཉེར་དང་རང་འགན་རང་སྒྲུབ་རྒྱུན་འཁྱོངས་བྱེད་པ། ཆ་འཕྲིན་མཉམ་སྤྱོད་དང་གྱོད་གཞི་ཡར་ཞུ། གྱོད་དོན་ཁྲིད་སྐྱེལ་སོགས་བྱེད་ཅིང་། གླ་ཕོགས་ཆད་པའི་ཁྲིམས་འགལ་ཉེས་པར་ཁྲིམས་ལྟར་ཆད་པ་གཅོད་པ་དང་། ཞིང་པ་ལས་བཟོ་པའི་ཁེ་དབང་ལ་འགན་སྲུང་བྱེད་པ། ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་སོགས་ཐད་ཀྱི་མཉམ་སྡེབ་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པའི་མཉམ་འཛུགས་མཉམ་བཅོས་ཀྱི་བཅོས་སྐྱོང་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་བ། ལས་བགོས་འགན་ཁུར་དང་། ཕན་ཚུན་གཞོགས་འདེགས། ཕན་ཚུན་ཁ་གསབ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྤྱིའི་བཟོ་ཚོགས་ཀྱིས་ཞིབ་དཔྱོད་ལས་ཁུངས་ཀྱི་ལྟ་རྟོག་བྱ་བར་གཞོགས་འདེགས་གང་ལེགས་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ལ་དུས་ཐོག་ཏུ་གླ་ཕོགས་ཆད་པ་སོགས་ཀྱི་གྱོད་དོན་སྒྲུབ་པའི་འཕེལ་རིམ་དང་མཇུག་འབྲས་ཡར་ཞུ་བྱེད་དགོས།
བསམ་འཆར་ལས་བསྟན་དོན། བཟོ་ཚོགས་ཀྱིས་དམིགས་བསལ་གྱི་དུས་སྐབས་ལ། གླ་ཕོགས་ཆད་པ་དང་ཁྲིམས་འགལ་གྱིས་དུས་འགྱངས་ལས་སྣོན་བཀོད་སྒྲིག་བྱེད་པ་སོགས་ཀྱི་གནད་དོན་གཙོ་བོ་རྩ་བཅོས་བྱེད་པར་གཞིགས་ཏེ། ས་གནས་རང་གི་འབྲེལ་ཡོད་མི་བཀོལ་ལས་ཁུངས་ལ་ཁ་གཏད་ནས་བཟོ་ཚོགས་ཀྱི་ངལ་རྩོལ་ཁྲིམས་ལུགས་ལྟ་རྟོག་མཛུབ་སྟོན་འཕྲིན་ཡིག་ཡོངས་བསྒྲགས་བྱེད་ཆོག ས་གནས་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟ་རྟོག་གི་འགན་ནུས་ལ་ཟུང་འབྲེལ་བྱས་ཤིང་། གྱོད་གཞི་སྒྲུབ་པའི་ཁྲོད་ཀྱི་གནད་དོན་གཙོ་བོར་དམིགས་ཏེ། ས་གནས་རང་ལ་ཁ་གཏད་ནས་དེར་བསྟུན་གྱི་ཁྲིམས་ལུགས་ཉེན་ཁའི་མཛུབ་སྟོན་དང་ཁྲིམས་མཐུན་གྲོས་འགོ་ཁྱབ་བསྒྲགས་བྱེད་པ་དང་། ཁེ་ལས་ཀྱིས་འབྲེལ་ཡོད་ངལ་རྩོལ་ཁྲིམས་ལུགས་ཁྲིམས་སྲོལ་བརྩི་སྲུང་བྱེད་པར་ཉེན་བརྡ་བཏང་སྟེ། ཁེ་ལས་ཀྱི་ཁྲིམས་མཐུན་ཁྲིམས་སྲོལ་གྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
བསམ་འཆར་ལས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་དང་བཟོ་ཚོགས་ཀྱིས་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་ཁྲིམས་ལུགས་ལྟ་རྟོག་བྱེད་པའི་ཐད་ཀྱི་འགན་ནུས་ཀྱི་ངེས་གནས་དང་རྐྱེན་སྲོལ་གྱི་སྦྲེལ་མཐུད་སོགས་ཀྱི་གནད་དོན་ལ་ཞིབ་འཇུགས་བྱེད་དགོས་པ་དང་། ཁྲིམས་ལྟར་ཞིབ་དཔྱོད་འགན་ནུས་ལག་བསྟར་ཡང་དག་བྱས་ཏེ། བཟོ་ཚོགས་ཀྱིས་ངལ་རྩོལ་གྱི་ཁྲིམས་ལུགས་ལྟ་རྟོག་གི་འཕྲིན་ཡིག་གཅིག་དང་ཡིག་ཆ་གཉིས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་རོགས་ཤུགས་འདོན་དགོས།
ཞིབ་དཔྱོད་ལས་ཁུངས་དང་བཟོ་ཚོགས་ཀྱིས་མཉམ་འགུལ་བྱ་བའི་རྐྱེན་སྲོལ་བཙུགས་པ་དེ་དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཞིབ་དཔྱོད་ལས་ཁུངས་དང་བཟོ་ཚོགས་སོ་སོས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། བྱ་བའི་སྟོབས་ཤུགས་གཅིག་སྡུད་དང་བྱ་བའི་ཕན་ནུས་མཐོར་འདེགས་གཏོང་བ། ངལ་རྩོལ་བར་ཞབས་འདེགས་ཞུ་བའི་བྱ་བ་འདི་ཐུན་མོང་གིས་ལེགས་པོར་སྒྲུབ་སྟེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་རྒྱུན་མཐུད་སྒོས་འཐུས་ཚང་གཏོང་བ་དང་། སྲུང་སྐྱོང་བྱེད་པ། འཕེལ་རྒྱས་གཏོང་བ་བཅས་ལ་ཕན།
ལྷ་མོ་འཚོས་བསྒྱུར།