མཚོ་སྔོན་ཞིང་ཆེན་གྱིས་བགྲོད་ལམ་དངོས་སྐྱེལ་ཁེ་ལས་ཀྱིས་བྱ་བ་མྱུར་དུ་བསྒྲུབ་པར་སྐུལ་འདེད་བཏང་།
2024.06.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཉེ་སྔོན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་བསྒྲགས་པའི་འཕྲིན་བཟང་ལྟར་ན། མཚོ་སྔོན་གྱིས་ཁེ་ལས་དང་མང་ཚོགས་ཀྱི་མཐོང་སྣེ་ལ་གཞིགས་ནས། གསར་གཏོད་རྣམ་པ་དང་། བརྒྱུད་རིམ་གསར་འགོད། གཞི་གྲངས་ཀྱི་སྟོབས་ནུས་སྦྱིན་ཚད་བཅས་སྔར་ལས་ཇེ་ཆེར་གཏོང་བ་དང་། དྲ་ཐོག་ནས་བྱེད་སྒོ་ཐག་གཅོད་པའི་ལས་སྒོ་སྤེལ་ཏེ། བརྒྱུད་རིམ་ཧྲིལ་བོ་དྲ་ཐོག་ནས་སྒྲུབ་པ་དང་། དྲ་གཅིག་གི་ཐོག་ནས་དོན་མང་མཉམ་དུ་སྒྲུབ་པ་མངོན་འགྱུར་བྱེད་པ། ཡུལ་དངོས་ནས་བྱ་བའི་ཆེད་སྒྲུབ་སྒེའུ་ཁུང་བཙུགས་ནས། སྒེའུ་ཁུངས་གཅིག་ནས་ཐག་གཅོད་པ་དང་དུས་བཅད་ལྟར་བསྒྲུབས་ཚར་བར་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་རྣམ་པ་གྲུབ་པར་བྱས་ལ། རེ་ཞུའི་བྱ་བ་སྣ་ཚོགས་ཉིན་ལྔའི་རིང་བསྒྲུབ་ཚར་ཐུབ།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་གཞི་གྲངས་ཅུའུ་བཅས་ཀྱིས་ཉེ་སྔོན་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱིས་བགྲོད་ལམ་དངོས་སྐྱེལ་ཁེ་ལས་ཀྱིས་བྱ་བ་གཅིག་མྱུར་དུ་སྒྲུབ་པའི་ལག་བསྟར་ཇུས་གཞི་འགྲེམས་སྤེལ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱ་བའི་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ། སྤྱིའི་དམིགས་འབེན་དང་། ལག་བསྟར་བྱེད་ཐབས། ལས་འགན་གཙོ་བོ། འགན་འཁྲི་དབྱེ་བགོ། བྱ་བའི་འགན་སྲུང་བཅས་ཕྱོགས་ལྔར་གཞིགས་ནས། བགྲོད་ལམ་དངོས་སྐྱེལ་ཁེ་ལས་ཀྱི་བྱ་བ་གཅིག་མྱུར་དུ་སྒྲུབ་པའི་ཞིབ་ཕྲའི་ནང་དོན་དང་། བྱ་བའི་བྱེད་ཐབས། དམིགས་འབེན་གྱི་གྲུབ་འབྲས་དང་ལེགས་འགྲུབ་དུས་བཅད་བཅས་གཏན་འཁེལ་གསལ་བོ་བྱས།

ལག་བསྟར་ཇུས་གཞིས་ཟླ6པའི་ཚེས15ཉིན་གྱི་སྔོན་ལ་བགྲོད་ལམ་དངོས་སྐྱེལ་ཁེ་ལས་ཀྱིས་བྱ་བ་གཅིག་གི་མ་ལག་སྦྲེལ་མཐུད་དང་གཞི་གྲངས་གཙང་སེལ་སོགས་ཀྱི་བྱ་བ་ལེགས་འགྲུབ་འབྱུང་བ་དང་། ཞིང་ཆེན་རིམ་པའི་བགྲོད་ལམ་དངོས་སྐྱེལ་གྱི་སྲིད་དོན་དོ་དམ་ཆ་འཕྲིན་མ་ལག་སོགས་འབྲེལ་ཡོད་བྱེད་སྒོའི་ཚན་པ་དང་སྦྲེལ་སྣེའི་རིམ་འཕེལ་སྒྱུར་བཅོས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། བགྲོད་ལམ་དངོས་སྐྱེལ་ཁེ་ལས་ཀྱི་བྱ་བ་གཅིག་ནུས་མཐོ་སྒོས་བསྒྲུབས་པར་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས། སྲིད་དོན་ཞབས་ཞུ་བསྒྲུབ་རྒྱུ་སྟབས་བདེར་གཏོང་ཆེད། ཁེ་ལས་ཀྱིས་བགྲོད་ལམ་དངོས་སྐྱེལ་གྱི་ཚོང་གཉེར་ཆོག་པའི་དཔང་ཡིག་ལེན་པའི་རེ་ཞུ་བྱེད་པ་དང་། ཁྲིམས་ལྟར་ཐོ་འགོད་ལས་ཁུངས་ནས་འབྲེལ་ཡོད་ཐོ་འགོད་ལས་རིམ་བསྒྲུབས་རྗེས། མཚོ་སྔོན་སྲིད་དོན་ཞབས་ཞུའི་དྲ་བའི་དྲ་ཐོག་གི་ཐག་གཅོད་ཁུངས་སྣེ་དང་ས་གནས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་སྒེའུ་ཁུང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་དམངས་བདེ་སྲིད་དོན་མ་ལག་བཅས་བརྒྱུད་དེ། རྫོང་རིམ་པའི་སྲིད་དོན་ཞབས་ཞུའི་ལྟེ་གནས་དང་ཡང་ན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་ལ་རེ་ཞུ་བྱས་ཏེ། རྒྱུ་ཆ་ཚང་མ་ཐེངས་གཅིག་ལ་སྤྲོད་པ་དང་རེ་ཞུའི་བྱ་བ་སྣ་ཚོགས་ཉིན་ལྔའི་རིང་བསྒྲུབས་ཚར་བར་བྱེད་དགོས། དངོས་སྐྱེལ་རླངས་འཁོར་གྱི་བགྲོད་ལམ་སྐྱེལ་འདྲེན་དཔང་ཡིག་ལེན་སྐབས། གོང་གསལ་གྱི་བྱེད་ཐབས་ལྟར་བསྒྲུབ་དགོས་ཤིང་། རླངས་འཁོར་གྱི་ཆ་རྐྱེན་ཚང་བའི་རེ་ཞུ་མཁན་གྱིས་བགྲོད་ལམ་སྐྱེལ་འདྲེན་གྱི་ཚོང་གཉེར་ཆོག་པའི་དཔང་ཡིག་དང་བགྲོད་ལམ་སྐྱེལ་འདྲེན་དཔང་ཡིག་གི་མཆན་འགོད་བརྒྱུད་རིམ་གཅིག་སྡུད་སྒོས་ཐེངས་གཅིག་ལ་བསྒྲུབ་ཚར་དགོས་པ་གཏན་འཁེལ་གསལ་བོ་བྱས།

ལྷ་མོ་འཚོས་བསྒྱུར།