གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བས་མི་དམངས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། སན་མེན་གྲོང་ཁྱེར་གྱི་སྨན་བཅོས་བཅོས་སྒྱུར་གྱི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ་དུ་བཏང་སྟེ་སྨན་བཅོས་འགན་སྲུང་དང་། སྨན་བཅོས། སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་དང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་ལམ་སྲོལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྨན་བཅོས་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཇེ་མགྱོགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།
ད་ལོར་རང་ཞིང་གིས་སྨན་བཅོས་བཅོས་སྒྱུར་བྱ་བའི་འགོ་ཁྲིད་སྒྲིག་སྲོལ་དང་སྐུལ་འདེད་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་སྟེ་གཞི་རིམ་གྱི་རྨང་གཞིའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་དང་ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས། ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ཞིང་། རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྨན་བཅོས་ཐུན་མོང་སྒྲིག་གཞི་ནང་གི་སྲིད་འཛིན་དང་མི་དོན། ནོར་དོན། ལས་སྒོ། སྨན་སྤྱོད། ཆ་འཕྲིན་སོགས་གཅིག་གྱུར་དོ་དམ་ལམ་སྲོལ་དོན་འཁྱོལ་བྱས་ཏེ་རོགས་སྐྱོར་སྟོབས་ཤུགས་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་དགོས། ཞིང་ཆེན་དང་གྲོང་ཁྱེར། ཁུལ་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ནད་ཐོག་ཆེད་ལས་ཚན་ཁག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་ཚང་འཛུགས་པ་དང་སློབ་ཆེན་ཞིང་སྡེའི་སྨན་པའི་ཆེད་དོན་འཆར་འགོད་གཅིག་གྱུར་ལག་བསྟར་བྱས་ཏེ། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱི་སྒྲིག་ཁོངས་གདན་ཞུ་དང་སློབ་གྲྭའི་འཇོན་མི་ནང་འདྲེན་བྱེད་པ་དང་། ཁུལ་གྱིས་གདན་ཞུ་བྱས་ན་རྫོང་གིས་བཀོལ་བའི་བྱ་བ་ནན་ཏན་གྱིས་སྒྲུབ་དགོས།
གཞུང་གཉེར་སྨན་ཁང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་ཨུའི་འགོ་ཁྲིད་འོག་ཡོན་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་བྱས་ནས་གཞུང་གཉེར་སྨན་ཁང་གི་ལས་འབྲས་དཔྱད་ཞིབ་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་གཞུང་གཉེར་སྨན་ཁང་དང་བུད་མེད་དང་བྱིས་པའི་བདེ་སྲུང་ལས་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་མཁྲེགས་གཏོར་ལོའི་བྱ་སྤྱོད་གཏིང་ཟབ་སྒོས་ལག་བསྟར་བྱེད་པ། རིམ་པ་སོ་སོའི་གཞུང་གཉེར་སྨན་ཁང་དང་གཞི་རིམ་སྨན་བཅོས་སྒྲིག་གཞིའི་ལས་འབྲས་གླ་ཕོགས་བསྡོམས་འབོར་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་བཤེར་གཏན་འཁེལ་བྱེད་པ། བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྨན་བཅོས་མི་སྣའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་བ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་དར་སྤེལ་གཏོང་བའི་བཟོ་སྐྲུན་གལ་ཆེན་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིགས་ཀྱི་ཆེད་དོན་ཚན་ཁག་དང་། ཞིང་ཆེན་དང་རྫོང་གིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཆེད་དོན་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།
དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་། DRG/DIPཡི་དོན་དངོས་རིན་སྤྲོད་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། རྫོང་ཁོངས་སྨན་བཅོས་ཐུན་མོང་ནང་གི་སྨན་བཅོས་འགན་སྲུང་བསྡོམས་འབོར་གྱི་རིན་སྤྲོད་ཚོད་ལྟ་གཅིག་གྱུར་གྱིས་ལག་བསྟར་ཡག་པོ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་སྡུད་དང་གྲངས་ཚད་ལྟར་ཉོ་སྒྲུབ་རྩ་འཛུགས་ལག་བསྟར་བྱེད་པ། སྨན་བཅོས་ཞབས་ཞུའི་རིན་གོང་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་དོན་འཁྱོལ་བཅས་བྱས་ནས། སྨན་བཅོས་མི་སྣའི་ལག་རྩལ་ངལ་ལས་རིན་ཐང་མཚོན་པའི་སྨན་བཅོས་དང་ནད་གཡོག གཤགས་བཅོས། ཀྲུང་བོད་སྨན་བཅོས་ཞབས་ཞུ་སོགས་ལས་གཞིའི་རིན་གོང་ལུགས་མཐུན་ངང་མཐོ་རུ་གཏོང་དགོས།
རིམས་ནད་ཚོད་འཛིན་བཅོས་སྒྱུར་ལ་སྐུལ་འདེད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། རིམ་པ་སོ་སོའི་རིམས་ནད་ཚོད་འཛིན་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་ཁུལ། རྫོང་རིམ་པའི་རིམས་ནད་ཚོད་འཛིན་ལས་ཁུངས་དང་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་ལེགས་སྒྲིག་བསྐྱར་འཛུགས་བཅས་བྱས་ཏེ། རིམས་ནད་ཚོད་འཛིན་དང་སྨན་ཁང་བར་གྱི་ནད་གཞི་གལ་ཆེན་སྔོན་འགོག་ཚོད་འཛིན་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཐོན་ཁུངས་སྔར་ལས་མང་པོ་རིམས་ནད་ཀྱི་དུས་འགོའི་རྒྱུ་རྐྱེན་ལ་ཐེ་གཏོགས་དང་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་སྐུལ་འདེད་ཐད་སྤྱོད་དགོས།
ཤ་བོ་རིན་མཚོས་བསྒྱུར།