མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱིས“ཕྱི་ནང་མཉམ་སྦྱོང་”ལ་བརྟེན་ནས་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱས།
2024.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས“སྲུང་སྐྱོབ་གཙོ་བོ་ཡིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་གྱིས་བཀོལ་སྤྱོད་དང་། རྒྱུན་འཛིན་འཕེལ་རྒྱས”ཀྱི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་། བཀོལ་སྤྱོད། འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་། རིག་གནས་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བཞག་སྟེ། “ནང་ནུས”གསོ་སྦྱོང་ལ་བརྟེན་ནས“ཕྱི་རུ་གྲུབ་འབྲས”སྨིན་དུ་འཇུག་པ་དང་། གནས་ཚུལ་གྱི་མཐིལ་རྟོགས་པར་བྱེད་པ། གསར་སྐྲུན་མཉམ་འདྲེས་བཅས་བྱས་ནས་སྲུང་སྐྱོབ་དང་རྒྱུན་འཛིན་ཁྲོད་གཟུགས་འདས་རིག་གནས་ཤུལ་བཞག་དེ་འཕེལ་རྒྱས་གསར་བའི་ཕྱོགས་སུ་བསྐྱོད་ཐུབ་པར་བྱས།

2024ལོའི་ཟླ5པའི་བར་དུ་ན་གོར་མོ་གྲོང་ཁྱེར་གྱི་གཟུགས་འདས་རིག་གནས་ཤུལ་བཞག་ཞེ་ལྔ་རིམ་པ་སོ་སོའི་མིང་གྲགས་མིང་ཐོའི་ནང་ཚུད་པ་དང་། ཞིང་ཆེན་དང་། ཁུལ། གྲོང་ཁྱེར་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ149 ཡོད།

གཟུགས་འདས་རིག་གནས་ཤུལ་བཞག་གི་ལས་གཞིའི་ཁྱབ་ཁོངས་རྒྱ་ཆེ་བ་དང་། རྒྱུན་འཛིན་པ་ཉུང་བ། འབྲེལ་ཡོད་རྒྱུ་ཆ་འཐུས་སྒོ་མི་ཚང་བ་བཅས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། ན་གོར་མོ་གྲོང་ཁྱེར་གྱིས་དམངས་ཁྲོད་དུ་གཞི་ཁྱོན་ཆེན་པོས་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་བྱ་བ་ཧུར་ཐག་གིས་ཟབ་མོར་སྤེལ་བར་མ་ཟད། གྲངས་ཀ་ཅན་དང་དྲ་རྒྱ་ཅན་སོགས་ཀྱི་སྲུང་སྐྱོབ་བྱེད་ཐབས་སྤྱད་དེ། སྒྲ་བརྙན་སོགས་སྨྱན་མང་གཟུགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཟིན་ཐོར་བཀོད་པ་དང་དྲ་སྟེང་ནས་ཐོན་ཁུངས་མཉམ་སྤྱོད་བྱས། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་སུ་གཟུགས་འདས་རིག་གནས་ཤུལ་བཞག་གི་ཡིག་ཚགས194ཡོད་པ་དང་། ཡིག་འབྲུ་འབུམ་གསུམ་ཙམ་ཡོད་ལ། བརྙན་གཟུགས་སྐར་མ1300ལྷག་དང་། འདྲ་པར1900ལྷག་ཡོད་པ་རེད།

སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་མ་དངུལ་གཞིར་བཟུང་ནས་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་ལྟེ་གནས་ཁང་ལེགས་བསྒྱུར་བྱེད་པར་ཤུགས་བསྣན་ནས་གཟུགས་འདས་རིག་གནས་ཤུལ་བཞག་ལ་སློབ་སྦྱོང་བྱེད་ས་དང་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁང་གི་རིམ་པ་ཇེ་མཐོར་གཏོང་གང་ཐུབ་བྱས། དམངས་ཁྲོད་སྒྱུ་རྩལ་པས་མི་སྒེར་གྱི་བརྩམས་ཆོས་འགྲེམ་སྟོན་བྱེད་པར་སྐུལ་མ་བཏང་ནས་སྔ་རྗེས་སུ་མཚོ་ནུབ་ཁུལ་གྱི་སོག་པོའི་ནོར་ལུག་གི་པགས་པའི་ཐག་པ་བཟོ་བའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་སྐབས་གཉིས་དང་། ན་གོར་མོ་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་ལས་གཞི་སྟེ་སོག་པོའི་གྱོན་ཆས་བཟོ་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས་གཅིག་ལ་སྤེལ་བ་རེད།

གཟུགས་འདས་རིག་གནས་ཤུལ་བཞག“ཕྱིར་བསྐྱོད་པའི”བྱ་འགུལ་ཤུགས་ཆེན་པོས་སྤེལ་བ་དང་། མི་རིགས་དང་དམངས་ཁྲོད་ཀྱི་བཟོ་རྩལ་ཐོན་རྫས། ཤོག་དྲས་བཟོ་རྩལ། བོད་ཀྱི་འཐག་བཟོ་དང་རྡོ་བརྐོས། སོག་པོའི་ཤིང་བརྐོས་དང་གྱོན་ཆས་སོགས་ས་ཁོངས་རིག་གནས་ཁྱད་ཆོས་ཀྱིས་ཕྱུག་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་འཐུས་ཚབ་དཔུང་ཁག་ཅིག་ཧུར་ཐག་གིས་རྩ་འཛུགས་བྱས་ནས་གཟུགས་འདས་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་དང་འགྲན་སྡུར་བྱ་འགུལ་མང་པོར་ཞུགས། རང་འགུལ་སྒོས་ཧྲིན་ཀྲིན་དང་། ཀོང་ཀྲིག ཞ་མིན་སོགས་སུ་འགྲེམ་ཚོང་བྱ་འགུལ་ནང་ཞུགས་པ་དང་། རྒྱལ་ཡོངས་རང་བཞིན་དང་ཐ་ན་འཛམ་གླིང་རང་བཞིན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་ཚོགས་འདུའི་བྱ་འགུལ་ནང་ཞུགས་ནས་ན་གོར་མོའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་སྣང་ཚུལ་དང་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་འགྲེམ་སྟོན་བྱས། དུས་མཚུངས་སུ། མཉམ་འབྲེལ་དྲ་རྒྱའི་སྟེང་གཟུགས་འདས་རིག་གནས་ཤུལ་བཞག་འཕེལ་རྒྱས་གཏོང་བའི་ལམ་བུ་ནན་ཏན་སྒོས་འཚོལ་ཞིབ་བྱས་པ་དང་། ཁྱད་ཆོས་ལྡན་པའི་ཡུལ་སྐོར་དང་ཞབས་ཞུའི་ལས་གཞི་གསར་སྤེལ་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་དང་མང་ཚོགས་དེའི་ནང་ཞུགས་པར་བཀུགས་ནས་གྲོང་ཁྱེར་གཞན་དུ་སྣང་བརྙན་སྔར་ལས་ཇེ་ལེགས་སུ་བཏང་།

ཚེ་རིང་སྒྲོལ་མས་བསྒྱུར།