ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ལས་དང་འབྲེལ་བའི་ཁྲིམས་འཛུགས་རྟོག་ཞིབ་བྱས།
2024.06.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

ཟླ5པའི་ཚེས29ཉིན་ནས་ཚེས30ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་སོང་ནས།    མཚོ་སྔོན་ཞིང་ཆེན་གྱི་འཕང་འབྲས་ཐོན་ལས་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག་གི་ཁྲིམས་འཛུགས་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གཏེར་ལམ་རྫོང་དང་གཏེར་ལེན་ཁ་གྲོང་ཁྱེར་ལ་སོང་སྟེ། ཡུལ་དངོས་ལྟ་ཞིབ་དང་བཞུགས་མོལ་བརྗེ་རེས། ཞིབ་འཇུག་བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁྲིམས་འཛུགས་བྱ་བར་འབྲེལ་བའི་ནང་དོན་གཙོ་བོ་ཁག་གཉིས་ལ་རྒྱུས་ལོན་ཞིབ་མོ་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་འཕང་འབྲས་ཐོན་ལས་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་སྲོལ་ཡིག་གཉིས་ནི།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ཁྲིམས་འཛུགས་ལས་གཞི་གཙོ་བོ་ཡིན་ལ། ཁྲིམས་སྐྱོང་སྟོབས་ཤུགས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་གཞོགས་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཚན་རིག་གི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་མཐུན་ཁྲིམས་འཛུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་བཏང་སྟེ། ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་ཀྱི་ས་གནས་ཁྲིམས་འཛུགས་དེ་ཁྲིམས་ལ་བརྟེན་རྒྱུ་ཡོད་པ་ནས་ཁྲིམས་མཐུན་ལེགས་བཅོས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།

འཕང་འབྲས་དང་རྒྱ་གྲོ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་གཞིགས་ནས། ཁྲིམས་བསྟར་ཞིབ་བཤེར་དང་ཟུང་འབྲེལ་བྱས་ཏེ། རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཞིང་ལས་ལ་ཚན་རྩལ་གྱིས་གཞོགས་འདེགས་བྱེད་དགོས་ཚེ། ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་འཕེལ་རྒྱས་དམ་འཛིན་ཡག་པོ་བྱེད་དགོས། ཕྱོགས་གཅིག་ནས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གང་ལེགས་གཏོང་དགོས་ཏེ། ས་བོན་ནི་ཞིང་ལས་ཀྱི་ནང་སྙིང་ཡིན་ལ། དེང་རབས་ཞིང་ལས་ཀྱི་རྨང་གཞི་ཡིན་ཞིང་། འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱིས་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། ཚན་རྩལ་ཞིབ་འཇུག་གླིང་གི་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གྲུབ་འབྲས་དང་ཁྱད་ལྡན་འདེབས་འཛུགས་ལས་རིགས་ཁེ་ལས་ཀྱི་ཐོན་ཁུངས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་ཁྱད་ལྡན་འདེབས་འཛུགས་ལས་རིགས་ཁེ་ལས་ཀྱི་ཚན་རྩལ་འགྲན་རྩོད་ནུས་ཤུགས་མཐོར་འདེགས་གཏོང་དགོས། ཕྱོགས་གཞན་ཞིག་ནས་ཐོན་ལས་འཕེལ་རྒྱས་གང་ལེགས་གཏོང་དགོས་ཏེ། ཐོན་སྐྱེད་ལེགས་སྒྱུར་གྱི་ལས་རིམ་སོ་སོ་སྡེབ་སྒྲིག་བྱེད་པ་དང་། ཁྱད་ལྡན་ཞིང་ཐོན་དངོས་རྫས་ཀྱི་ལས་སྣོན་ལས་རིགས་དེ་ཐུན་མོང་གིས་གསར་གཏོད་བྱས་ནས། དེང་རབས་ཞིང་ལས་ཚན་རྩལ་དེ་འདེགས་སྐྱོར་དུ་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དགོས།

ལྷ་མོ་འཚོས་བསྒྱུར།