ཟླ6པའི་ཚེས3ཉིན། གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སློབ་གསོ་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོ་སྒྲོག་འགྲེལ་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཞིང་། སྐོར་ཐེངས་དང་པོའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བཅུ་གཅིག་གྲོང་ཁྱེར་དང་ཁུལ་བརྒྱད་དང་སློབ་གྲྭ་བཅུ་གཅིག་ལ་སོང་ནས་སྒྲོག་འགྲེལ་བྱས་པ་དང་། སློབ་རིམ་སོ་སོའི་དགེ་སློབ་ཡོངས་ལ་ཁེབས་པར་བྱས།
སྒྲོག་འགྲེལ་བྱ་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་གཙོ་ཐིག་ཏུ་བྱས་པ་དང་། མཚོ་སྔོན་གྱི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ། རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་དང་ཡིད་ཆེས་ཀྱིས་སེམས་ཤུགས་གཅིག་སྡུད་བྱེད་པར་ཁྲིད་སྟོན་དང་། རང་རྟོགས་སྒོས་དུས་རབས་གསར་པའི་ལས་འགན་དང་ཁག་ཁུར་དེ་ལས་སྒྲུབ་ལས་གཏོད་ཀྱི་དངོས་ཡོད་འགུལ་སྐྱོད་ལ་བསྒྱུར་ཞིང་། ངར་སེམས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་ནས། མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་ལག་བསྟར་པ་ཞིག་བྱེད་པར་བརྩོན་ལེན་བྱེད་དགོས། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དག་ནི་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་། སློབ་ཁྲིད་ཞིབ་འཇུག་ལས་ཁུངས་ཀྱི་ཁྲིད་དཔྱོད་མི་སྣ། སློབ་ཆེན་དང་སློབ་གྲྭ་ཆུང་འབྲིང་གི་ཕུལ་བྱུང་དགེ་རྒན་བཅས་ཀྱིས་གྲུབ།
སྒྲོག་འགྲེལ་བྱ་འགུལ་གྱིས་སློབ་རིམ་མི་འདྲ་བའི་སློབ་མའི་ཁྱད་ཆོས་དང་བསམ་བློ་ཆབ་སྲིད་བསླབ་ཚན་དགེ་རྒན་གྱི་གཞུང་ལུགས་བྱང་ཚད་མཐོར་འདེགས་གཏོང་བའི་དགོས་མཁོར་གཞིགས་ཏེ། ཁྱད་པར་ཅན་དང་རིམ་དབྱེ་ཅན། དམིགས་བྱ་ཅན་གྱི་སྒྲོག་འགྲེལ་བརྗོད་དོན་བཀོད་སྒྲིག་བྱས། སློབ་ཆུང་རིམ་པས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་གཞིགས་ནས། འཚོ་བའི་ཁྲོད་ཀྱི་རང་བྱུང་དང་སྤྱི་ཚོགས་རྒྱུན་ཤེས་སོགས་ཀྱི་སློབ་གསོ་སྤེལ། དམའ་འབྲིང་རིམ་པས་རིག་གནས་ཀྱི་ཁས་ལེན་ལ་གཞིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་། གསར་བརྗེའི་སྲོལ་རྒྱུན། མི་རིགས་སྙིང་སྟོབས་སོགས་ཀྱི་སློབ་གསོ་སྤེལ། མཐོ་འབྲིང་རིམ་པས་ཆབ་སྲིད་ཀྱི་ཁས་ལེན་ལ་གཞིགས་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་གནས་ཚུལ། ཁྲིམས་ལུགས་ཁྲིམས་སྲོལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སོགས་ཀྱི་སློབ་གསོ་སྤེལ། མཐོ་རིམ་སློབ་གསོའི་རིམ་པས་ལས་འགན་ཁག་ཁུར་ལ་དམིགས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སོགས་ཀྱི་སློབ་གསོ་སྤེལ། སྒྲོག་འགྲེལ་གྲུབ་འབྲས་ལེགས་པོ་ཡོང་བར་ཁག་ཐེག་བྱ་ཆེད། སྒྲོག་འགྲེལ་དགེ་རྒན་གྱིས་སློབ་རིམ་མི་འདྲ་བར་དམིགས་ནས། གཏམ་རྒྱུད་བཤད་པ་དང་། དྲི་བ་དྲིས་ལན་འདེབས་པ། རོལ་རྩེད་བྱ་འགུལ། དཔེ་གཞི་དབྱེ་ཞིབ་སོགས་ཀྱི་རྣམ་པ་སྤྱད་དེ། གསོན་ཉམས་རང་བཞིན་དང་། སྤྲོ་ཉམས་རང་བཞིན། མཉམ་འགུལ་རང་བཞིན། ཟབ་ཞུགས་རང་བཞིན་བཅས་འབུར་དུ་ཐོན་ཞིང་། རྒྱ་ཆེའི་དགེ་སློབ་ཡོངས་ཀྱིས་རྒྱལ་ཁབ་ལ་བརྩེ་བ་ཟབ་མོ་འཆང་བ་དང་། ཡར་བརྩོན་གྱི་རང་གཤིས་སྐྱེད་སྲིང་བྱེད་པར་སྔར་ལས་ཁྲིད་སྟོན་བྱས་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་བ་ནུས་ལྡན་དུ་འགྱུར་བ་དང་། བསམ་བློ་ཆབ་སྲིད་བསླབ་ཚན་གྱི་སློབ་གསོའི་ཕན་འབྲས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། སྒྲོག་འགྲེལ་མཇུག་བསྒྲིལ་རྗེས། ས་གནས་སོ་སོ་དང་སློབ་གྲྭ་སོ་སོའི་དཔྱད་འཇོག་གནས་ཚུལ་ལ་གཞིགས་ནས། ཕྱོགས་བསྡུས་སྒོས་སྤུས་ལེགས་བསླབ་ཚན་གདམ་གསེས་བྱེད་ཅིང་། ཞིང་ཆེན་ཡོངས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྤུས་ལེགས་བསླབ་ཚན་གྱི་གྲས་སུ་བཞག་ནས་རྒྱུན་མཐུད་གསོ་སྐྱོང་བྱེད་པ་དང་། སྒྲོག་འགྲེལ་བྱ་འགུལ་གྱི་དངོས་ཕན་རང་བཞིན་དང་ཤུགས་རྐྱེན་ཐེབས་ཚད་རྒྱ་བསྐྱེད་པར་མ་ཟད། རྒྱལ་ཁབ་ཀྱི་ཆུང་འབྲིང་སློབ་མའི་རིག་ནུས་སློབ་གསོའི་སྟེགས་བུ་སོགས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་གཏོང་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།