ཟླ5པའི་ཚེས31ཉིན། 2024ལོའི་མཚོ་སྔོན་གྱི་རང་བྱུང་སློབ་གསོའི་བརྗོད་དོན་གཙོ་བོའི་ཡན་ལག་གྲོས་ཚོགས་སྟེང་། ཀྲུང་གོ་ནགས་ལས་སློབ་ཚོགས་དངWWFརྒྱལ་ཁབ་སྤྱི་གླིང་། ཧྥུའུ་ཏན་འཆར་འགོད་གླིང་སྐྱེ་ཁམས་ཁོར་ཡུག་ཡན་ལག་སློབ་གླིང་རང་བྱུང་སློབ་གསོའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས། ཧྲང་ཧའེ་ཁྲིན་ཧྲན་སྐྱེ་དངོས་གླིང་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་པུའུ། རྒྱལ་ཡོངས་རང་བྱུང་སློབ་གསོའི་དྲ་རྒྱ། མཚོ་སྔོན་ཞིང་ཆེན་རང་བྱུང་སློབ་གསོ་མཐུན་ཚོགས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ། པེ་ཅིང་ནགས་ལས་སློབ་ཆེན་ནགས་ལས་སློབ་གླིང་། མཚོ་སྔོན་སློབ་ཆེན་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་རྣམས་མཉམ་འཛོམས་བྱས་ནས། མཚོ་སྔོན་གྱི་རང་བྱུང་སློབ་གསོའི་ལས་དོན་ལ་ཐབས་ལམ་གསར་པ་འཚོལ་ཞིབ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོས་ཡོད།
ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་རང་བྱུང་སློབ་གསོའི་བྱ་བར་སྐུལ་འདེད་དང་རྒྱབ་སྐྱོར་། དེའི་ནང་ཧུར་ཐག་གིས་ཟབ་ཞུགས་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་སྔ་རྗེས་སུ་རང་བྱུང་སློབ་གསོའི་རྟེན་གཞི་གཏན་འཁེལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆེད་ལས་ལས་ཁུངས་བཅུ་ལྷག་དང་ཚན་ཞིབ་གླིང་། དེ་མིན་སྤྱི་ཚོགས་ཚོགས་པ་རང་འགུལ་སྒོས་རང་བྱུང་སློབ་གསོའི་ཁྱིམ་གཞིས་ཆེན་མོའི་ཁྲོད་ཞུགས་ཡོད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད། ནགས་རྩྭ། སློབ་གསོ། ཚན་རྩལ། རིག་གནས་ཡུལ་སྐོར། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཁག་གིས་རང་བྱུང་སློབ་གསོ་འཕེལ་རྒྱས་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་པས། མཚོ་སྔོན་གྱི་རང་བྱུང་སློབ་གསོ་མ་ལག་ཅན་དང་ཚད་ལྡན་ཅན། སྣ་མང་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རང་བྱུང་སློབ་གསོའི་མ་ལག་རགས་ཙམ་བཙུགས་ཡོད། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སློབ་གསོའི་རྟེན་གཞི45ཡིས་མུ་འབྲེལ་ཅན་དང་ཆེད་ལས་ཅན། མང་ཚོགས་ཅན་བཅས་ཀྱི་རང་བྱུང་སློབ་གསོའི་བྱ་འགུལ་སྣེ་ཁྲིད་དུ་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་དང་དང་བླངས་པ། རྒྱ་ཆེའི་སྤྱི་དམངས་བཅས་རང་བྱུང་སློབ་གསོའི་ཁྲོད་རྒྱ་ཁྱབ་ངང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་རང་བྱུང་སློབ་གསོའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། མཚོ་སྔོན་གྱི་ཁྱད་ཆོས་དང་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ཆོས། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བཅས་ཀྱི་རང་བྱུང་སློབ་གསོའི་གསར་གཏོད་མ་ལག་རིམ་བཞིན་འཛུགས་བཞིན་ཡོད།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཆང་གིས་བཤད་རྒྱུར། “སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་སྣེ་ཁྲིད་འོག མཚོ་སྔོན་གྱི་རང་བྱུང་སློབ་གསོ་དེ་སྟོབས་ཤུགས་དང་བསྟུན་ནས་དབྱར་མཚོ་རྒྱས་པ་ལྟར་མདུན་སྐྱོད་བྱས་པ་དེས་མཚོ་སྔོན་གྱི་རང་བྱུང་སློབ་སྦྱོང་དང་། རང་བྱུང་ལ་དགའ་བ། རང་བྱུང་སྲུང་སྐྱོབ་བཅས་ཀྱི་ཡིད་ཆེས་ཆེན་པོ་དང་སྦས་ཤུགས་ཆེན་པོ་མངོན་ཡོད”ཟེར།
ཤ་བོ་རིན་མཚོས་བསྒྱུར།