རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་བླངས།
2024.06.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

རང་བྱུང་ཐོན་ཁུངས་པུའུ་རྒྱལ་ཁབ་ས་ཆའི་བར་མཐོངས་སྐྱེ་ཁམས་ཉམས་གསོ་སི་ཡི་སི་ཀྲང་གཞོན་པ་ལུའུ་ལིས་ཧྭ་ཡིས། ཟླ6པའི་ཚེས3ཉིན་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འདི་དག་གི་རིང་ལ། རང་རྒྱལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་བླངས་པའི་དུས་མཚུངས་སུ། འཛམ་གླིང་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་ཐད་དེ་བསྟུན་གྱི་ལས་དོན་འབོར་ཆེན་བསྒྲུབས་ནས། འཛམ་གླིང་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་ཕུལ་ཡོད་ཟེར།

ཀྲུང་གོར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་འཐུས་མི་ཁྲུའུ་ཡིས་ཟླ6པའི་ཚེས3ཉིན་པེ་ཅིང་དུ།“2024ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་བྱེད་སྒོ”གཙོ་སྒྲུབ་བྱས་ནས་སྤེལ་བ་རེད། ལུའུ་ལིས་ཧྭ་ཡིས་བྱེད་སྒོའི་སྐབས་སུ། རང་རྒྱལ་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཉེན་མཚམས་དབྱེ་འབྱེད་གསལ་བོ་བྱས་ནས། ཉེན་མཚམས་གཅིག་གིས་སྐྱེ་ཁམས་བར་མཐོངས་གལ་ཆེན་ལ་དོ་དམ་ཚོད་འཛིན་བྱེད་ཀྱིན་ཡོད། རྒྱལ་ཡོངས་སུ་རི་ཆུ་ནགས་ཞིང་དང་མཚོ་དང་མཚེའུ། རྩྭ་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་བཟོ་སྐྲུན་གལ་ཆེན52ལག་བསྟར་བྱས་པ་དང་། ཉམས་གསོ་བཅོས་སྐྱོང་གི་རྒྱ་ཁྱོན་མུའུ་དུང་ཕྱུར1ལས་བརྒལ་ཡོད། 2016ལོ་ནས་བཟུང་། ལོ་རྒྱུས་ཤུལ་བཞག་བེད་མེད་གཏེར་རི་བཅོས་སྒྲིག་དང་ཉམས་གསོ་བྱས་པའི་རྒྱ་ཁྱོན་མུའུ་ས་ཡ་བཞི་དང་འབུམ་ལྔ་ལས་བརྒལ་བ་དང་། མཚོ་མོའི་འགྲམ་རྒྱུད་ཀྱི་ས་སྤྱི་ལེ་སྟོང་གཅིག་དང་དྲུག་བརྒྱ་བརྒྱད་ཅུ་ཙམ་བཅོས་སྒྲིག་དང་ཉམས་གསོ་བྱས་པར་མ་ཟད། མཚོ་འགྲམ་གྱི་བརླན་ས་བཅོས་སྐྱོང་བྱས་ཚད་མུའུ་འབུམ་བདུན་དང་ཁྲི་ལ་ལས་བརྒལ་ཡོད་པའི་དབང་གིས། རང་རྒྱལ་ནི་འཛམ་གླིང་སྟེང་སྡོང་དམར་ནགས་ཚལ་གྱི་རྒྱ་ཁྱོན་འཕར་ཚད་ཆེས་མགྱོགས་པའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཏུ་གྱུར་ཡོད།

ཀྲུང་གོའི་རི་ཆུའི་བཟོ་སྐྲུན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“འཛམ་གླིང་གི་སྐྱེ་ཁམས་སླར་གསོའི་བཀོད་འདོམས་ལས་གཞི་ཆེ་གྲས་བཅུ” གྲས་སུ་ཐོག་མར་བདམས། ཀྲུང་གོར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་འཐུས་མི་ཐུའུ་རོས་ཧི་ཡིས་བྱེད་སྒོའི་སྐབས་སུ། ཀྲུང་གོས་འཛམ་གླིང་ཧྲིལ་པོའི་སྐྱེ་ཁམས་མ་ལག་ཉམས་གསོ་བྱེད་པའི་ལས་དོན་གཞི་ཁྱོན་ཆེན་པོའི་སྒོ་ནས་སྤེལ་ཏེ། སྐྱེ་ཁམས་ཉམས་གསོ་བྱེད་པའི་ཐད་ནས་བསྒྲུབས་པའི་ལས་དོན་དང་གྲུབ་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་ཆེན་པོ་ཐོབ་ཡོད། ཀྲུང་གོའི་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་ལག་ལེན་དང་གྱོད་དཔེ་མཉམ་སྤྱོད་གང་ལེགས་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་བསྟན།

ཉིན་དེར་བརྗོད་དོན་བྱེད་སྒོའི་སྐབས་སུ། ད་དུང་གླེང་མོལ་ཐེངས་གཉིས་བྱས་པ་དང་། ཚོགས་ཞུགས་སྐུ་མགྲོན་ཚོས་ས་ཆ་སྲུང་སྐྱོང་དང་ཉམས་གསོ་ཐད་ཀྱི་ལག་ལེན་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། ཀྲུང་གོར་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་སྲིད་གཞུང་སྡེ་ཁག   ཚན་རིག་ཞིབ་འཇུག་ལས་ཁུངས། ཁེ་ལས། མཐོ་རིམ་སློབ་ཆེན་དང་སྲིད་གཞུང་མིན་པའི་རྩ་འཛུགས་བཅས་ནས་ཡོང་བའི་སྐུ་མགྲོན་རྣམས་ད་ཐེངས་ཀྱི་བྱེད་སྒོར་ཞུགས།

ཟླ6པའི་ཚེས5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན། 2024ལོའི་འཛམ་གླིང་ཁོར་ཡུག་ཉིན་མོས་ས་ཆ་སླར་གསོ་དང་ཐང་རྒོད་ཅན་བཀག་འགོག ཐན་འགོག་ནུས་པ་འཛུགས་སྐྲུན་བཅས་གཙོ་གནད་དུ་བཟུང་ནས་དོ་ཁུར་བྱས་ཏེ། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཕྱོགས་མང་རྩ་འཛུགས་ཀྱིས་ཁས་ལེན་ལག་བསྟར་བྱས་ནས། ཚེ་སྲོག་ཁྲི་སྟོང་མང་པོའི་ཐུན་མོང་གི་རྟེན་གཞི་རུ་གྱུར་བའི་ས་ཆ་སླར་གསོ་བྱེད་རྒྱུ་དང་།  དམངས་ཁྲོད་སྤྱི་ཚོགས་ཚོགས་པ་དང་ཁེ་ལས། མི་སྒེར་བཅས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཕྱོགས་སོ་སོ་ས་ཆ་དང་ཞི་བདེ་མཉམ་གནས་བྱེད་པའི་འགན་འཁྲིར་གོ་བ་ཡང་དག་ལེན་དགོས་པའི་འབོད་སྐུལ་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།