མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་པོའི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་གི་བྱ་བའི་སྲོལ་ཡིག་ལ་ཞིབ་བཤེར་བྱེད་པ་དང་ཆོག་མཆན་འགོད་པའི་བྱ་བ་ལེགས་པོར་བསྒྲུབ་ཆེད། ཟླ5པའི་ཚེས29ཉིན་ནས་ཚེས30ཉིན་བར། ཞིང་ཆེན་དམངས་ཆེན་མི་རིགས་དང་ཕྱི་སྡོད་རང་མིའི་ལས་དོན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཁྲིམས་འཛུགས་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་སྔ་ཕྱིར་གཏེར་ལེན་ཁ་གྲོང་ཁྱེར་མི་རིགས་སློབ་གྲྭ་དང་ཁི་ལཱོ་ཁི་གྲོང་རྡལ་ཞིང་ལས་རྟེན་མཛོད་ཁང་ལ་སོང་སྟེ། ཡུལ་དངོས་ལྟ་ཞིབ་དང་། སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭའི་དགེ་སློབ། གཞི་རིམ་ལས་བྱེད་པ་བཅས་ལ་ཡུལ་དངོས་ནས་བསམ་འཆར་བརྗེ་རེས་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བའི་གནས་ཚུལ་དང་། སོག་པོའི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་གི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་ཞིབ་ཕྲའི་དཀའ་ཁག་དང་གནད་དོན་ཐག་གཅོད་དང་ཞིབ་འཇུག་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། མི་རིགས་ཀྱི་སྐད་ཡིག་གི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཏང་ཀྲུང་དབྱང་གི་སྐད་ཡིག་ལས་དོན་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་སྐད་ཡིག་ལས་དོན་གྱི་འཕེལ་ཕྱོགས་དང་ཆོས་ཉིད་ལ་ངོས་འཛིན་དང་རྒྱུས་ལོན་ཡང་དག་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་གཙོ་ཐིག་ཏུ་བྱེད་ཅིང་། རྒྱལ་ཁབ་ཀྱི་སྤྱི་སྐད་ཤུགས་ཆེན་པོས་ཁྱབ་གདལ་གཏོང་བ་དང་། མི་རིགས་སོ་སོའི་སྐད་ཡིག་སློབ་སྦྱོང་དང་ཉེར་སྤྱོད་བྱེད་པར་བརྩི་བཀུར་དང་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་སྲོལ་གཅིག་གྱུར་གྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཁྲིམས་འཛུགས་སྤུས་ཚད་ཀྱི་འགག་རྩ་དམ་འཛིན་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྐད་ཡིག་ལས་དོན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་དཀའ་གནད་དང་འགག་རྩའི་ལས་རིམ་ཐག་གཅོད་བྱེད་ཅིང་། ཀྲུང་ཧྭའི་ཕུལ་བྱུང་སྐད་བརྡའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ། དུས་རབས་གསར་པའི་སྐད་ཡིག་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།