ཟླ6པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་དང་བླངས་ཞབས་ཞུ་ཟླ་བའི་བྱ་འགུལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་སྤེལ། བྱ་འགུལ་གྱི་མཛོད་སྒོས་གྲུབ་འབྲས་ལ་བསྟོད་པ་དང་རྒན་པའི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་བརྗོད་སྙིང་དུ་བྱས་པ་དང་། ཡུལ་དངོས་སུ་རིག་རྩལ་འཁྲབ་སྟོན་དང་སྤྱི་ཕན་ཚོང་ར་སོགས་ཚན་པ་བཀོད་སྒྲིག་བྱས་ཡོད་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་རྒན་པར་གྲོས་གཞི་བཏོན་ནས། བློ་མཐུན་རྒན་པ་ཚོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་མུ་མཐུད་དུ་བྱས་རྗེས་འཇོག་རྒྱུའི་འབོད་སྐུལ་བཏང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡི་འགན་ཁུར་བློ་མཐུན་དང་ལས་བྱེད་པ་རྒན་པའི་དང་བླངས་པ་བཅས་མི་སུམ་བརྒྱ་ལྷག་བྱ་འགུལ་ལ་ཞུགས།
བྱ་འགུལ་འགོ་རྩོམ་པའི་མཛད་སྒོའི་སྟེང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་དང་བླངས་ཞབས་ཞུ་ཟླ་བའི་བྱ་འགུལ་ལ་དམིགས་ནས་རེ་བ་བཏོན། རྨ་ལྷོ་ཁུལ་གྱི་ལས་བྱེད་པ་རྒན་པའི་དང་བླངས་པའི་འཐུས་ཚབ་ཀྱིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པའི་གྲོས་འདོན་ཡི་གེ་སྒྲོག་འདོན་བྱས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོའི་ལས་བྱེད་པ་རྒན་པའི་སྒྱུ་རྩལ་ཚོགས་པས་ཚང་མར་རིག་རྩལ་འཁྲབ་སྟོན་བྱས། སྤྱི་་ཕན་ཚོང་རའི་བྱ་འགུལ་ཁྲོད། རྨ་ལྷོ་ཁུལ་གྱི་ལས་བྱེད་པ་རྒན་པའི་དང་བླངས་པའི་ཞབས་ཞུའི་རུ་ཁག་གིས་མང་ཚོགས་ལ་ཆབ་སྲིད་ཀྱི་དྲིལ་སྒྲོག་དང་བཅའ་ཁྲིམས་བློ་འདོན་སོགས་དང་བླངས་ཞབས་ཞུ་འདོན་སྤྲོད་བྱས།
ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས། དང་བླངས་ཞབས་ཞུ་ཟླ་བའི་བྱ་འགུལ་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱེད་པའི་ལག་ལེན་གྱི་ཐབས་ལམ་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་མངག་བཅོལ་སེམས་ལ་དམ་པོར་འཛིན་པ་དང་དྲིན་བསམ་མདུན་སྐྱོད་བྱེད་པའི་སྟེགས་བུ་ཡང་ཡིན། ད་ལོར། བྱ་འགུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན། རིག་གནས་དར་རྒྱས་གོང་འཕེལ་སོགས་ཀྱི་ལས་འགན་གཙོ་བོར་དམིགས་ནས། ཟླ་དྲུག་པའི་ནང་གཅིག་བསྡུས་སྒོས་ལོ་ལོན་རྒན་པ་དང་འབྲེལ་བའི་བྱ་འགུལ་ཆེན་པོ་ལྔ་སྤེལ་རྒྱུ་ཡིན་པ་དང་། རྒྱ་ཆེའི་ལས་བྱེད་པ་ཁེ་ལས་དང་གཞིས་ཁུལ། རོང་འབྲོག་ཁུལ་དུ་བསྐྱོད་པར་རྩ་འཛུགས་དང་སྣེ་ཁྲིད་བྱེད་པ། གཞུང་ལུགས་ཀྱི་སྒྲོག་འགྲེལ་དང་ཏང་འཛུགས་མཛུབ་ཁྲིད། བློ་འདོན་ཇུས་འབུལ་སོགས་དང་བླངས་ཞབས་ཞུ་སྤེལ་ནས། ཞིང་ཆེན་གྱི་གནས་ཚུལ་ཐད་ཀྱི་རྒྱུས་ལོན་དང་ངོས་འཛིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་བ་དང་། རྒན་པའི་སྟོབས་ཤུགས་ལ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་རང་ཉིད་ཀྱི་གཟི་མདངས་མངོན་དུ་འཇུག་རྒྱུ་ཡིན་ཟེར།
རིན་ཆེན་མཚོས་བསྒྱུར།