མཚོ་བྱང་ཁུལ་གྱི་བོད་ལུག་ཐོན་ལས་ཀྱི་ཐོན་རིན་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཡན་ལ་སླེབས།
2024.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ6པའི་ཚེས4ཉིན་གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བྱང་ཁུལ་གྱི་བོད་ལུག་གི་ཐོན་རིན་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཡན་ལ་སླེབས་པ་དང་། བོད་ལུག་ཐོན་ལས་དེ་ཁུལ་ཡོངས་ཀྱི་རོང་འབྲོག་པའི་ཡོང་སྒོའི་འབྱུང་ཁུངས་གཙོ་བོ་ཞིག་དང་མཚོ་བྱང་གི་དཔལ་འབྱོར་བརྟན་འཇགས་ཀྱི་འཕར་གནས་ཤིག་ཏུ་གྱུར་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་གྱིས་པུའུ་དང་ཞིང་ཆེན་གྱིས་མཉམ་སྐྲུན་བྱེད་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་རྒྱུ་གོ་སྐབས་སུ་བཟུང་ནས་དུས་དང་རྣམ་པ་ཀུན་ཏུ་བོད་ལུག་ཐོན་ལས་དེ་མཚོ་བྱང་གི་ཕྱུགས་ལས་ཀྱི“ཐོན་ལས་གཙོ་བོར་སྐུལ་འདེད་དང་། མིང་གྲགས་ཐོན་རྫས་གཙོ་ཁྲིད་བྱེད་པ། སྤུས་རྟགས་ཐོན་རྫས”གཙོ་བོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་བྱང་ཁུལ་གྱིས“བོད་ལུག་གི་ཕ་ས”ཡི་གནས་བབ་ཆེན་པོའི་ནང་འདྲེས་པར་བྱས་པ་དང་། “ཀྲུང་གོའི་བོད་ལུག་གི་ཕ་ས”ཞེས་པའི་མིང་གྲགས་སྔར་ལས་རྒྱས་པར་བྱས་ཡོད།  ལོ་རེར་བོད་ལུག་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་བདུན་ལྷག་གསོ་ཁ་ན་ཡོད་པ་དང་། ལོ་རེར་བོད་ལུག་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གསུམ་ལྷག་གསོ་ཁ་ནས་འབུད་བཞིན་ཡོད་ལ། བོད་ལུག་གི་ཐོན་རིན་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཡན་ལ་སླེབས་ཡོད།

མཚོ་བྱང་ཁུལ་གྱིས་ས་ཁོངས་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་པ། མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་བཟོ་སྐྲུན་ལ་བརྟེན་ནས། ད་ལྟ་ཕྱུགས་ཟོག་རྒྱུད་སྤེལ་ར་བ7ཡོད་པ་དང་། ལྟེ་བའི་ཁྱུ་ཚོགས221དང་བོད་ལུག་ཁྲི་བརྒྱད་ལྷག་ཡོད་ཅིང་། ལོ་རེར་མཚོ་བྱང་ཁུལ་དང་ས་ཁུལ་གཞན་པར་རྒྱུད་བཟང་ཕྱུགས་རིགས་ཁྲི་གཅིག་ལྷག་སྐྱེལ་འདྲེན་བྱེད་བཞིན་ཡོད་ལ། ཞིང་ཆེན་ནང་ཁུལ་དུ་ཆེས་ཆེ་བའི་མཐོ་སྒང་བོད་ལུག་མཁོ་འདོན་བྱེད་སའི་རྟེན་གཞི་ཞིག་ཏུ་གྱུར་ཡོད། མཚོ་བྱང་ཁུལ་གྱིས་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། ཁྱིམ་ཚང་གི་ཞིང་ཕྱུགས་རའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་རོགས་སྐྱོར་བྱས་ནས་བོད་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཁུལ་ཡོངས་སུ་བསྡོམས་པས་བོད་ལུག་འབུམ་གཅིག་གསོ་སྤེལ་བྱེད་སའི་རྟེན་གཞི་གཅིག་དང་། བོད་ལུག་ཁྲི་གཅིག་གསོ་སྤེལ་བྱེད་སའི་རྟེན་གཞི་བཅུ་གཅིག་འཛུགས་སྐྲུན་བྱས་ཡོད་ཅིང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང322བཙུགས་ཡོད་ལ། ཁྱིམ་ཚང་ཕྱུགས་ར407གསོ་སྐྱོང་བྱས་ཡོད།

བོད་ལུག་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་བྱང་ཁུལ་གྱིས“འབྲུ་རིགས་གཟན་ཆས”ལ་བསྒྱུར་བའི་ལས་གཞིར་བརྟེན་ནས་སྤྱི་ཆིང7793ཡོད་པའི་སྤུས་ལེགས་གཟན་རྩྭ་འདེབས་སའི་རྟེན་གཞི་དང་། གཟན་རྩྭ་ལས་སྣོན་གསོག་འཇོག་དང་སྐྱེལ་འདྲེན་གྱི་མ་ལག་དྲུག་བཙུགས་པ་དང་། ལོ་རེའི་གཟན་རྩྭའི་ཐོན་ཚད་ཏུན་འབུམ་གཅིག་དང་ཁྲི་བདུན་ལྷག་ལ་སླེབས།  མིག་སྔའི་བར་དུ། ཁུལ་ཡོངས་ཀྱིས་ལོ་རེར“དམིགས་བསལ་ས་ཁུལ”དུ་ནོར་ལུག་འབུམ་གཉིས་གསོ་སྤེལ་བྱེད་བཞིན་ཡོད་པ་དང་། དེས་རྩྭ་ཕྱུགས་དོ་མཉམ་གྱི་གནོན་ཤུགས་ཕན་འབྲས་ལྡན་པའི་སྒོ་ནས་ཇེ་ཡང་དུ་བཏང་ཡོད།

མིག་སྔར་ཁུལ་ཡོངས་ཀྱི་སྤྱི་ཆིང་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བཞི་ལྷག་གི་རྩྭ་སར་སྐྱེ་ལྡན་དཔང་ཡིག་ཐོབ་པ་དང་། ནོར་གནག་དང་བོད་ལུག་ས་ཡ་གཅིག་དང་འབུམ་དགུ་ཁྲི་དགུ་ལ་ཐོག་མའི་ཐོན་ཡུལ་གྱི་ཁུངས་འདེད་དོ་དམ་མངོན་འགྱུར་བྱེད་ཐུབ་པ་བྱུང་ཞིང་། བསྡོམས་པས་ཞིང་ཕྱུགས་ཁེ་ལས60དང་། ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ཕྱུགས་རའི་ཐོན་རྫས་བརྒྱ་དང་བཅུ་བདུན། ཕྱུགས་ཟོག་ལྔ་བརྒྱ་འགྲེམ་སྟོན་དང་དཔྱད་སྡུར་ནང་ཞུགས་ནས་རྒྱུད་བཟང་བོད་ལུག་ལ་བྱ་དགའི་རྣམ་གྲངས་ཉེར་བཞི་ཐོབ་པ་དང་།  བོད་ལུག་གི་ཁུལ་རིམ་པའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཉི་ཤུ་དཔྱད་འདེམས་བྱས་ཡོད།

ཚེ་རིང་སྒྲོལ་མས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།