ཟླ6པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་། ཞིང་ཆེན་ཏང་ཨུའི་བསམ་པའི་དཔལ་ཡོན་གཞུང་སྒྲུབ་ཁང་། ཀྲུང་གུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི2024ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་མཚོ་སྔོན་གྱི་བྱ་འགུལ་གཙོ་བོ་དེ་མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་སྤེལ།
ད་ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་བརྗོད་དོན་ནི་མཛེས་སྡུག་གི་ཀྲུང་གོའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ཞེས་པ་དེ་ཡིན། མཚོ་སྔོན་ཞིང་ཆེན་གྱིས་ཐེངས་དང་པོར་དྲུག་ལྔའི་ཁོར་ཡུག་ཉིན་མོའི་མཚོ་སྔོན་གྱི་བྱ་འགུལ་གཙོ་བོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་པ་བཅས་ཀྱི་བླང་བྱར་གཞིགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། སྐོར་ཐེངས་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་དག་བཅོས་སྐྱོང་བྱེད་པའི་འཕེལ་རིམ་དང་གྲུབ་འབྲས། སྦགས་བཙོག་འགོག་བཅོས་ཀྱི་བྱ་བ་བཟང་པོར་བསྒྲུབ་པའི་དངོས་གཉེར་བྱེད་ཐབས་དྲིལ་སྒྲོག་བྱེད་པ། ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་གྱོད་གཞི་ཁྱབ་གདལ་བཏང་སྟེ། སྤྱི་ཚོགས་ལས་རིགས་ཡོངས་ཀྱིས་ལྗང་མདོག་ཐཱན་ཉུང་གིས་འཚོ་བ་རོལ་བར་སྐུལ་མ་གཏོང་བ་དང་ སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་ལ་ཧུར་ཐག་གིས་ཟབ་ཞུགས་བྱས་ནས། མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་རྒྱུན་མཐུད་སྒོས་གཅིག་སྡུད་བྱེད་པ་དེ་ཡིན།
བྱ་འགུལ་སྤེལ་སྐབས། 2023ལོའི་སློབ་ཆེན་སློབ་མ་འགུལ་སྐྱོད་བྱེད་ཅེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རྩལ་ཁྱབ་གདལ་བྱ་འགུལ་གྱི་ཕུལ་བྱུང་དང་བླངས་པར་བྱ་དགའ་གནང་བ་དང་། རྨ་འབྲི་རྫ་གསུམ་དག་གཙང་ཡོང་བ་དང་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པ། ང་ནི་དང་བླངས་བ་ཡིན་ཞེས་པའི་འཐུས་ཚབ་པར་དར་ཆ་བྱིན་ཞིང་། སྐྱེ་ཁམས་ཁོར་ཡུག་གི་དང་བླངས་པས་འཐུས་ཚབ་གཏམ་བཤད་པ་དང་། སྐྱེ་ཁམས་དཔལ་ཡོན་དང་བླངས་མཉམ་སྐྱོད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམངས་ཡོངས་འགུལ་སྐྱོད་བྱེད་ཅེས་པའི་མཚོ་བྱང་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཏེ། གནས་འདི་ནས་མཛེས་སྡུག་གི་ཀྲུང་གོ་མཐོང་ཐུབ་ཞེས་པའི་མཚོ་བྱང་ཁུལ་གྱི་རྫོང་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། མཛེས་སྡུག་གི་མཚོ་སྔོན་པོ་ཞེས་པའི་སྐྱེ་ཁམས་པར་ལེན་འགྲེམ་སྟོན་གྱི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་བྱས། སྐྱེ་ཁམས་ཁོར་ཡུག་དང་བླངས་པས་ཡུལ་དངོས་ནས་ཀྲུང་གོ་སྔར་ལས་མཛེས་སྡུག་ལྡན་ཞེས་པ་དང་། ཁོར་ཡུག་སྲུང་སྐྱོབ་པའི་གླུ་དབྱངས་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་དོན་གླུ་དབྱངས་བླངས་ནས། བྱ་འགུལ་ལ་སྣང་ཚུལ་ལེགས་པོ་ཞིག་བསྐྲུན།
ལྷ་མོ་འཚོས་བསྒྱུར།