མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་བདེ་འཇགས་མཐོ་རྒྱུགས་ལ་འགན་སྲུང་བྱས།
2024.06.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

2024ལོར། མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ལ་ཞུགས་རྒྱུའི་མིང་ཐོ་བཀོད་པའི་སྤྱིའི་མི་གྲངས་ཁྲི་དྲུག་དང་སྟོང་ལྔ་དྲུག་བརྒྱ་ཡོད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ལ་ཞུགས་པའི་མི་གྲངས་ཁྲི་ལྔ་དང་སྟོང་གཉིས་བརྒྱ་ཡོད་ལ། ཞིང་ཆེན་ཡོངས་སུ་བསྡོམས་པས་རྒྱུགས་ཁུལ་སོ་བཞི་བཙུགས་ཡོད་པ་དང་། རྒྱུགས་ལེན་ས་ང་གཉིས་དང་རྒྱུགས་ར་སྟོང་གཅིག་དང་བདུན་བརྒྱ་གོ་བདུན་བཙུགས་ཡོད། བདེ་འཇགས་མཐོ་རྒྱུགས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་སྟོབས་ཤུགས་ཡོད་རྒུས་རྒྱུགས་ཞུགས་སློབ་མ་ཚོར་མཐོ་རྒྱུགས་སྔོན་གྱི་གྲ་སྒྲིག་བཟང་བོ་བྱས་ཏེ། རྒྱུགས་སྲུང་ཐད་ཀྱི་རྒྱུགས་ལན་བཟང་བོ་བཏབ།

རྒྱུགས་ཞུགས་སློབ་མ་རྒྱུགས་རར་ཞུགས་པའི་བདེ་འཇགས་ཞིབ་བཤེར་གཟབ་ནན་དུ་གཏོང་བ་དང་། རྒྱུགས་ལེན་སའི་སྐུད་མེད་གློག་འཕྲིན་བརྡ་རྟགས་ཕྱོགས་ཡོངས་ནས་མེད་པར་བྱེད་ཆེད། མཐོ་རྒྱུགས་སྐབས་སུ། དུས་ཐོག་ཏུ་གནས་ཐིག་གཏན་ཁེལ་བྱེད་པ་དང་སྐུད་མེད་གློག་འཕྲིན་གྱི་གཡོ་ལས་བརྡ་རྟགས་འཚོལ་ཞིབ་དང་བཀག་འགོག་བྱེད་པ། རྒྱུགས་ལེན་སའི་ཕྱི་ནང་གི་སྐུད་མེད་གློག་འཕྲིན་སྒྲིག་ཆས་སྤྱད་དེ་རྒྱུགས་ལེན་སྐབས་གཡོ་ལས་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་རྡུང་རྡེག་བྱས་ནས། བདེ་འཇགས་མཐོ་རྒྱུགས་ལ་འགན་སྲུང་ཁག་ཐེག་བྱས། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱིས་ཚད་ལྡན་ཅན་གྱི་རྒྱུགས་ལེན་སའི་དྲ་རྒྱའི་ཁོར་ཡུག་དང་སྒྲིག་ཆས་ལ་ཞིབ་བཤེར་དང་མཉམ་འབྲེལ་སྙོམ་སྒྲིག་ཚོད་ལྟ་བྱས་པ་དང་། འཕྲལ་བསྟུན་ཐག་གཅོད་ཇུས་གཞི་གཏན་འབེབས་བྱས་ཏེ། སྒྲིག་ཆས་བཀོལ་སྤྱོད་རྒྱུན་ལྡན་ཡིན་པར་ཁག་ཐེག་བྱས་པ་དང་། མི་སྣ་རྩ་འཛུགས་བྱས་ནས་རེ་རེ་བཞིན་རྒྱུགས་ར་ཡོངས་ཀྱི་ཉན་ཤུགས་སྒྲིག་ཆས་ལ་ཞིབ་བཤེར་བྱས།

སྤྱི་བདེ་ལས་ཁུངས་ཀྱིས་སློབ་གསོ་སྡེ་ཁག་དང་གཞོགས་འདེགས་ནན་མོ་བྱས་ནས་རྒྱུགས་ལེ་བརྗོད་བྱ་དང་རྒྱུགས་ཤོག་པར་སྐྲུན། སྐྱེལ་འདྲེན། སྲུང་སྐྱོབ་དོ་དམ། གཟིགས་དཔྱད་སོགས་ཀྱི་དུས་རིམ་གལ་ཆེན་བདེ་འཇགས་གསང་སྲུང་བྱ་བ་བཟང་བོར་བསྒྲུབས་པ་དང་།  རྒྱུགས་ལེན་ས་དང་རྒྱུགས་ཞུགས་སློབ་མའི་གཅིག་བསྡུས་གནས་ཟ་ཡུལ་གནས་དང་མཐའ་འཁོར་གྱི་བདེ་འཇགས་ཉེན་ཁར་གྲལ་བཤེར་དང་དག་ཐེར་ལེགས་བཅོས་བྱས་ལ། རྒྱུགས་ཞུགས་སློབ་མའི་གཅིག་བསྡུས་སྐྱེལ་ལེན་རླངས་འཁོར་གྱི་བདེ་འཇགས་ཞིབ་བཤེར་བཟང་བོར་སྤེལ། མཐོ་རྒྱུགས་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་བྱ་བར་འགན་སྲུང་བྱེད་ཆེད། མཚོ་སྔོན་གྱི་འགྲིམ་འགྲུལ་ཉེན་རྟོག་གིས་མཐོ་རྒྱུགས་ཀྱི་འགན་སྲུང་ལས་རེས་རྣམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པ་དང་། སྟོབས་ཤུགས་ཡོད་རྒུས་རྒྱ་ཆེའི་རྒྱུགས་ཞུགས་སློབ་མར་སྲུང་སྐྱེལ་བྱས་ནས། མཐོ་རྒྱུགས་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་ཤར་བགྲོད་གེགས་མེད་ལ་སྲུང་སྐྱོང་བྱས། མཐོ་རྒྱུགས་སྐབས་སུ། མཚོ་སྔོན་གྱི་འགྲིམ་འགྲུལ་ཉེན་རྟོག་གིས་འགྲིམ་འགྲུལ་ཉེན་རྟོག་པའི་སློབ་སྲུང་ལས་རྐང་སྣོན་འཛུགས་བྱས་པ་དང་། རྒྱུགས་ལེན་སོ་སོ་རུ་ཆར་གདུགས་དང་འཕྲལ་བསྟུན་སྨན་རྫས། བཏུང་ཆུ་སོགས་སྡེབ་སྒྲིག་བྱས་ཡོད་པར་མ་ཟད། ཉེན་རྟོག་གི་ལས་སྲུང་ལ་ཤུགས་བསྣན་ནས། དུས་ངེས་མེད་དུ་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་ལ་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད། གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོ་དང་རྒྱུགས་རར་བསྐྱོད་སའི་བགྲོད་ལམ་གཙོ་བོ་རུ། མཐོ་རྒྱུགས་ཀྱི་ལྗང་མདོག་འགན་སྲུང་བགྲོད་ལམ་བཙུགས་ནས། རྒྱུགས་ཞུགས་སློབ་མའི་རྒྱུགས་ཞུགས་ཐད་ཞབས་ཞུ་འགན་སྲུང་བྱེད་རྒྱུ་རེད། འགྲིམ་འགྲུལ་འཚང་འགག་དང་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་རྒྱུགས་འབྲེལ་རླངས་འཁོར་དང་སློབ་མར་འཕྲལ་བསྟུན་རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱས་ནས། རྒྱུགས་ཞུགས་སློབ་མ་བདེ་བླག་ངང་མཐོ་རྒྱུགས་ལ་ཞུགས་ཐུབ་པར་ཁག་ཐེག་བྱས།

དེ་དང་མཉམ་དུ། འཛེར་སྒྲའི་བཙོག་བཟོ་བཀག་འགོག་དང་ཇེ་ཉུང་དུ་གཏོང་བ་དང་། མཐོ་རྒྱུགས་སྐབས་སུ་རྒྱུགས་ཞུགས་སློབ་མ་ཡོངས་ལ་ལྷིང་འཇགས་ཀྱི་སློབ་སྦྱོང་འཚོ་བ་དང་རྒྱུགས་ལེན་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་ཆེད། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་དམིགས་བསལ་ཁུལ་ཁོངས་སུ་འཛེར་སྒྲའི་བཀག་འགོག་ཚད་སྡོམ་ལག་བསྟར་བྱེད་རྒྱུའི་ཐག་བཅད། ཟླ་དྲུག་པའི་ཚེས་ཚེས་བདུན་ཉིན་ནས་ཚེས་བརྒྱད་ཉིན་གྱི་མཐོ་རྒྱུགས་སྐབས་སུ་འཛེར་སྒྲ་ནན་འགོག་དུས་སྐབས་ཡིན་པ་དང་། སྡོད་དམངས་ཁུལ་དང་རྒྱུགས་ལེན་སའི་མཐའ་འཁོར་གྱི་བཟོ་སྐྲུན་འཛུགས་སྐྲུན་ཡུལ་གནས་སུ་ཨར་འདམ་ལྡུག་བཟོ་སོགས་འཛེར་སྒྲ་བྱུང་བའི་བཟོ་སྐྲུན་འཛུགས་སྐྲུན་བྱ་བ་སྒྲུབ་མི་ཆོག་པར་བྱས་ལ། སྡེ་ཁག་གཞན་པའི་ཐོན་སྐྱེད་བདག་གཉེར་བྱ་བའི་ཐད་ནས་ཚད་གཞི་ལས་མི་བརྒལ་བའི་འཛེར་སྒྲ་མི་འབྱུང་བར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།