མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་སྡེ་ཁག་གིས་སྟོབས་ཤུགས་ཡོད་རྒུས་མཐོ་རྒྱུགས་ལེན་སའི་མེ་འགོག་མེ་གསོད་བདེ་འཇགས་ལ་འགན་སྲུང་བྱས།
2024.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

མཐོ་རྒྱུགས་སྐབས་སུ། མཚོ་སྔོན་ཞིང་ཆེན་མེ་འགོག་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་རྒྱུགས་ལེན་ས་གཙོ་བོའི་ཕྱི་རོལ་དུ་བསྡོམས་པས་ལས་རེས་བྱེད་ས་ཞེ་དྲུག་བཙུགས་པ་དང་། ཉིན་རེར་རླངས་འཁོར་ང་གཉིས་དང་མི་ཉིས་བརྒྱ་དང་དོན་གསུམ་བཀོད་སྒྲིག་བྱས་ནས་ལས་རེས་ལས་སྲུང་བྱས་ལ། གནས་གཏན་སྡོད་སྲུང་གི་ཉིན་གཅིག་གི་དུས་ཚོད་ཡོངས་ཀྱི་ཡུལ་དངོས་ལྟ་སྲུང་ལག་བསྟར་བྱས་པར་མ་ཟད། རྒྱུགས་ཞུགས་སློབ་མའི་རྒྱུགས་ལེན་ལ་གནོད་མི་བྱེད་པའི་གནས་ཚུལ་འོག མཚམས་མི་ཆད་པར་འགུལ་རྣམ་མེ་སྐྱོན་འགོག་གསོད་སྐོར་ཞིབ་སྤེལ་བ་དང་། རྒྱུགས་རའི་ཕྱི་དང་སློབ་རའི་མཐའ་འཁོར་གྱི་ཁོར་ཡུག་གི་མེ་སྐྱོན་འགོག་གསོད་བདེ་འཇགས་ལ་རྒྱུས་ལོན་བྱས་ལ། མྱུར་དུ་དང་ལེན་བྱེད་པའི་གཡུལ་འཐབ་གྲ་སྒྲིག་རྣམ་པ་དུས་ནམ་ཡང་རྒྱུན་འཁྱོངས་བྱས་ནས། གལ་ཏེ་བྲེལ་མྱུར་གནས་ཚུལ་བྱུང་ཚེ་དུས་ཚོད་དང་པོའི་ནང་ཐག་གཅོད་བྱེད་ཐུབ་པར་ཁག་ཐེག་བྱས།

དེ་ལས་གཞན། མཚོ་སྔོན་གྱི་རིམ་པ་སོ་སོའི་མེ་འགོག་མེ་གསོད་སྡེ་ཁག་གིས་རྒྱུགས་ལེན་སའི་ཉེ་འགྲམ་དུ་མེ་གསོད་པའི་དམངས་བདེ་ཞབས་ཞུ་ས་ཚིགས་བཙུགས་ནས། རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་ཚོར་འཐུང་ཆུ་དང་སྨན་རྫས། ཁྲག་ཤེད་འཇལ་ཆས། སྨན་སྒམ། དྲིལ་སྒྲོག་ལེགས་སྐྱེས། མེ་འགོག་མེ་གསོད་ཤེས་བྱ་དྲིལ་སྒྲོག་ཤོག་ལེབ་སོགས་དངོས་རྫས་གྲ་སྒྲིག་བྱས་པ་དང་། རྒྱུགས་ཁང་གི་ཕྱི་རུ་སློབ་མར་སྒུག་པའི་ཁྱིམ་བདག་དང་ལས་རེས་མི་སྣས་ཆུ་ཁ་གསབ་དང་དྲོད་ཚད་ཇེ་དམའ་རུ་གཏོང་རྒྱུ་གསལ་འདེབས་བྱས། དེ་དང་མཉམ་དུ། རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་དང་མང་ཚོགས་ལ་མེ་འགོག་མེ་གསོད་བདེ་འཇགས་དྲིལ་སྒྲོག་ཡིག་ཆ་དང་དྲིལ་སྒྲོག་རྗེས་དྲན་དངོས་རྫས་སྟེར་བ་དང་། མེ་འགོག་མེ་གསོད་ཀྱི་བདེ་འཇགས་རྒྱུན་ཤེས་འགྲེལ་བཤད་བྱས།

མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་མྱུར་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣས། ཞིང་ཆེན་ཡོངས་ཀྱི་མེ་འགོག་མྱུར་སྐྱོབ་རུ་ཁག་གིས་ལས་རེས་གྲ་སྒྲིག་ལ་སྔར་ལས་ཤུགས་སྣོན་པ་དང་། སྐོར་ཞིབ་ཞིབ་བཤེར་གྱི་བྱེད་ཐབས་ལག་བསྟར་བྱས་ནས། མཐོ་རྒྱུགས་ཐད་བདེ་འཇགས་དང་བརྟན་འཇགས། འཆམ་མཐུན་གྱི་སྣང་ཚུལ་བསྐྲུན་རྒྱུ་ཡིན་ཟེར།