ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ན་གཞོན་ལས་བྱེད་པའི་སློབ་གསོ་དང་དོ་དམ། ལྟ་སྐུལ་བྱ་བར་སྔར་ལས་ཤུགས་བསྣན་པ་དང་། ལས་བྱེད་པའི་དཔུང་སྡེའི་གྲུབ་ཚུལ་ལེགས་སྒྱུར་བྱས་ནས། ཧུར་ཐག་གིས་བློ་དཀར་སྤྱོད་གཙང་དང་ཁག་ཁུར་བྱེད་ཕོད་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱས།
བསམ་བློའི་གཞི་རྩ་ཇེ་བརྟན་དུ་བཏང་ནས། ཏང་གཤིས་སློབ་གསོ་ཇེ་དྲག་ཏུ་བཏང་། ནུས་པ་མཐོར་འདེགས་གསོ་སྦྱོང་དང་ལས་ཞུགས་གསོ་སྦྱོང་། ན་གཞོན་དར་མའི་ལས་བྱེད་པའི་གསོ་སྦྱོང་ཁྲོད་ཏང་གཤིས་སློབ་གསོ་འབུར་དུ་ཐོན་པར་བྱས་པ་དང་། ཏང་གི་ཆེས་གསར་བའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པར་དོ་སྣང་བྱས་ཏེ། ན་གཞོན་ལས་བྱེད་པའི་བསམ་བློའི་གཞི་རྩ་ཇེ་བརྟན་དུ་བཏང་། སྲིད་གཙང་ཉེན་བརྡའི་སློབ་གསོ་བཟང་བོར་སྤེལ་བ་དང་། ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་ལྟ་བ་དང་རུལ་སུངས་ལ་ངོ་རྒོལ་་དང་སྲིད་གཙང་དར་སྤེལ་གཏོང་བའི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ལ། ཉེན་བརྡ་ཡུན་རིང་བོར་བཏང་ནས། ན་གཞོན་ལས་བྱེད་པའི་སྲིད་གཙང་རང་གཅུན་གྱི་འདུ་ཤེས་ཇེ་བརྟན་དུ་བཏང་བ་དང་། རང་རྟོགས་སྒོས་སླུ་བྲིད་དང་རུལ་སུངས་སྣ་ཚོགས་ལ་འགོག་རྒོལ་བྱས་ཏེ། སྤྱོད་བཟང་སྲིད་གཙང་དང་སྲིད་བརྩོན་དམངས་གཅེས་བྱས།
ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། དངོས་གཉེར་ཁག་ཁུར་བྱེད་པར་སྐུལ་མ་བཏང་། ཆབ་སྲིད་ཀྱི་ལྟ་སྐུལ་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་པ་དང་། ཡུས་ཧྲུའུ་ཁུལ་གྱི་ལས་བྱེད་པའི་ལྟ་སྐུལ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་དང་ཆ་འཕྲིན་བརྗེ་རེས་ཀྱི་ཚོད་ལྟའི་བྱེད་ཐབས་གཏན་འབེབས་པར་འགྲེམ་བྱས་ལ། མང་ཚོགས་ཀྱི་ལྟ་སྐུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་པ་དང་། ན་གཞོན་ལས་བྱེད་པའི་དྲང་ཕྱོགས་སྐུལ་སློང་དང་སྐྱོན་ཆ་ཡོ་བསྲང་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ལས་སྒྲུབ་ལས་སྐྲུན་བྱེད་ཕོད་པའི་ན་གཞོན་ལས་བྱེད་པར་ཁག་ཁུར་འགན་འཁྲི་དང་དངོས་གཉེར་ལ་བརྩི་མཐོང་བྱེད་པ། གསར་སྐྲུན་ལ་སྐུལ་སློང་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན།
ལྟ་ཞིབ་ཀྱི་མིག་རྒྱ་ཆེར་བསྐྱེད་དེ། ལས་བྱེད་པའི་དཔུང་སྡེ་དར་སྤེལ་བཏང་། ན་གཞོན་ལས་བྱེད་པའི་ད་ལྟའི་གནས་བབ་ལ་རྟོག་ཞིབ་བྱས་པ་དང་། རིམ་པ་བགོ་བ་དང་རིགས་སྣ་བགོ་བ། ལས་རིགས་བགོས་ནས་ཕུལ་དུ་བྱུང་བའི་ན་གཞོན་ལས་བྱེད་པ་སྐོར་ཞིག་ཁ་གསབ་བྱས་པ་དང་། ལས་གཞི་གཙོ་བོ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གཞི་རིམ་བཅོས་སྐྱོང་། གྲོང་གསེབ་དར་སྤེལ་སོགས་བྲེལ་དཀའ་ཉེན་གཙོའི་ལས་རྐང་སྟེང་ཡོད་པའི་ན་གཞོན་ལས་བྱེད་པ་ལྟ་ཞིབ་ཁྲོད་བཞག་སྟེ། ན་གཞོན་ལས་བྱེད་པའི་དཔུང་སྡེ་སྟོབས་ལྡན་དུ་བསྒྱུར། ན་གཞོན་ལས་བྱེད་པ་གསོ་སྦྱོང་དང་འདེམ་བསྐོ་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཀྱི་སྔོན་བརྡའི་རྐྱེན་སྲོལ་བཙུགས་པ་དང་། ན་གཞོན་ལས་བྱེད་པ་འདེམ་བསྐོ་དང་བཀོལ་སྤྱོད་ཀྱི་གྲ་སྒྲིག་འདྲི་གཅོད་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་སྦྱོར་པར་འགྲེམ་བྱས་ནས། སྐོར་ཐེངས་རེ་རེའི་ལས་བྱེད་པའི་དྲན་འཆར་ལེགས་སྒྲིག་ཁྲོད་ན་གཞོན་ལས་བྱེད་པས་ཟིན་ཚད་བརྒྱ་ཆའི་ཉི་ཤུ་རུ་སླེབས་པར་ཁག་ཐེག་བྱས་པ་དང་། ན་གཞོན་ལས་བྱེད་པའི་རྒྱུན་རྣམ་ཅན་གྱི་ཆ་སྡེབས་རེ་བ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།