ཟླ6པའི་ཚེས6ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ལམ་ལུང་གྲོང་རྡལ་མི་རིགས་སྡེ་བའི་ལ་ཧྲ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་གྲོ་ཞིང་སྤྱི་ཆིང་བཅུ་གསུམ་དང་གྲངས་ཆུང་གསུམ་གྱི་སྟེང་གྲོ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་དཔྱིད་རྨོ་ཐོན་སྐྱེད་མཇུག་སྒྲིལ་ནས་ས་གནས་སོ་སོའི་གཅིག་རྗེས་གཉིས་མཐུད་དུ་ཞིང་ཁའི་དོ་དམ་ལས་ཀར་བྲེལ་བཞིན་ཡོད།
ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེའི་མ་ལག་གིས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུ་བྱེད་ཐབས་སུ་བྱས་ནས། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་བརྟན་བརླིང་ཁྲོད་ཡར་རྒྱས་དང་འཕེལ་ཕྱོགས་བཟང་པོའི་རྣམ་པ་མངོན་ཡོད། དེའི་ནང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་ནས། འདེབས་འཛུགས་གྲུབ་ཆར“འབྲུ་རིགས་བརྟན་པོ་དང་སྣུམ་མང་དུ་གཏོང་བ། སྔོ་ཚལ་ཇེ་མང་དུ་གཏོང་བ”བཅས་ཀྱི་རྣམ་པ་མངོན་ཞིང་། ཟླ5པའི་ཟླ་མཇུག་བར་དུ། དཔྱིད་ཀའི་རྨོ་འདེབས་ཀྱི་རྒྱ་ཁྱོན་མུའུ་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་བདུན་ལྷག་ལེགས་གྲུབ་བྱུང་བའི་ཁྲོད། འབྲུ་རིགས་རྒྱ་ཁྱོན་མུའུ་ས་ཡ་བཞི་དང་འབུམ་ལྔ་ཁྲི་ལྔ་ལྷག་དང་སྣུམ་རྫས་མུའུ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གཉིས་ལྷག་ཟིན་པ་དང་། སོ་སོར་ལོ་ཧྲིལ་པོའི་ལས་འགན་གྱི102%ལྷག་ཡོངས་འགྲུབ་བྱས་ལ། ལོ་གཅིག་གི་དཔྱིད་ཀའི་རྨོ་འདེབས་ཀྱི་ལས་འགན་ཚད་ལས་བརྒལ་ཏེ་ཡོངས་འགྲུབ་བྱས་ཡོད།
ཕྱུགས་ལས་ཐོན་སྐྱེད་ཐད་ཞིང་ཆེན་ཡོངས་ཀྱི་ནོར་ལུག་གསོ་ཁ་ནས་འབུད་པ་དང་སྐྱེ་འཕེལ་བརྟན་པོའི་ངང་ཇེ་མང་དུ་ཕྱིན་ཡོད། ལས་རིགས་བཀོད་གཏོང་ལྟར་ན། ཟླ5པའི་ཟླ་མཇུག་བར་ནོར་འབུམ་བཞི་དང་ཁྲི་དྲུག་སྟོང་གཉིས་ལྷག་དང་། ལུག་ས་ཡ་གཅིག་དང་འབུམ་བརྒྱད་སྟོང་གསུམ་ལྷག་གསོ་ཁ་ནས་ཕྱིར་འབུད་ཐུབ་པ་དང་། སོ་སོར་དུས་མཉམ་དང་བསྡུར་ན13%ལྷག་དང14%ལྷག་འཕར་ཡོད། བེའུ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དྲུག་དང་ལུ་གུ་ས་ཡ་དྲུག་དང་ཁྲི་ལྔ་སྟོང་བདུན་ལྷག་གསོན་ཡོད་པ་དེ་སོ་སོར20%ལྷག་དང9%ལྷག་འཕར་ཡོད། འཁྱག་ཆུའི་ཉ་གསོ་སྤེལ་ཐད་ཟླ་དང་པོ་ནས་ཟླ་ལྔ་པའི་བར་ཆུའི་ཐོན་རྫས་ཐོན་ཚད་ཏུན4425ཡིན་པ་དང་། གསར་དུ་བསྐྲུན་པའི་སྐམ་སའི་རྨང་གཞིའི་ཉ་ལས་རྟེན་གཞི16ཐོན་སྐྱེད་བྱེད་མགོ་བརྩམས་ཟིན་པ་དང་། ཉ་ཡི་ཁྲོམ་རའི་མཁོ་སྤྲོད་འདང་གིན་མེད་ལ་རིན་གོང་བརྟན་པོ་ཡིན་པ་དང་། ལོ་ཧྲིལ་པོའི་ཐོན་ཚད་བསྡོམས་འབོར་འཕར་རྒྱུར་རེ་བ་ཡོད་པས་གསོ་སྤེལ་ལས་རིགས་བརྟན་པོ་དང་ཡག་པོ་ཡོང་བའི་རྣམ་པ་མངོན་གྱིན་ཡོད།
གླེང་རིན་ཡོད་པ་ཞིག་ནི་ཞིང་ཆེན་ཡོངས་ཀྱིས་དབུལ་ལོག་སྔོན་འགོག་བྱེད་པའི་ལས་ཞུགས་མཁྲེགས་གཏོར་བྱ་སྤྱོད་གཏིང་ཟབ་སྤེལ་ནས། ཟླ5པའི་ཚེས31ཉིན་བར་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མི་གྲངས་འབུམ་གཉིས་དང་སྟོང་ལྔ་ལྷག་གྱི་ལས་ཞུགས་མངོན་འགྱུར་བྱུང་བ་དང་། རྒྱལ་ཁབ་ཀྱི་ལས་ཞུགས་དམིགས་འབེན་འབུམ་གཅིག་དང་ཁྲི་བདུན་སྟོང་དགུ་ཡོངས་འགྲུབ་བྱས་ནས114%ལྷག་ལེགས་གྲུབ་བྱུང་ཡོད། དེའི་ནང་ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་འཁོར་ཁང753གྱིས་དབུལ་ཐར་མི་གྲངས6621ལས་ཞུགས་བསྡུ་ལེན་བྱས། ཞིང་ཆེན་རིམ་པའི་ཞིང་སྡེའི་ལག་ཤེས་པ་དང་ཞིང་སྡེའི་ལག་ཤེས་དགེ་རྒན་གྲགས་ཅན་སྐོར་དང་པོའི་ངོས་འཛིན་བྱ་བ་ལེགས་གྲུབ་བྱུང་བ་དང་། རོང་འབྲོག་པ4075ལས་གཏོད་ལས་ཞུགས་ལ་སྐུལ་ཁྲིད་བྱས་པས་ལས་ཞུགས་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད།
ཤ་བོ་རིན་མཚོས་བསྒྱུར།