ཟླ6པའི་ཚེས6ཉིན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཁག་དྲུག་གིས2023ལོའི་རྒྱལ་ཁབ་ཀྱི་ལྗང་མདོག་གཞི་གྲངས་ལྟེ་གནས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་གློག་འཕྲིན་རྒྱལ་ཁབ་གྲངས་ཀའི་མཚོ་སྔོན་ལྗང་མདོག་གཞི་གྲངས་ལྟེ་གནས་དང་ཀྲུང་གོ་ལེན་ཐུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་གཞི་གྲངས་ཆེན་མོའི་རྟེན་གཞི། ཀྲུང་གོ་དབྱི་ཏུང་མཚོ་སྔོན་མཚོ་ཤར་གཞི་གྲངས་ལྟེ་གནས་བཅས་མིང་ཐོའི་ཁྲོད་ཚུད་ཡོད་ལ། དེས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་།
ལྗང་མདོག་གཞི་གྲངས་ལྟེ་གནས་དེ་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་ཐཱན་གཉིས་འཐབ་ཇུས་དང་ཤར་གྲངས་ནུབ་རྩིས་བཟོ་སྐྲུན་ལ་རོགས་འདེགས་བྱེད་པའི་རྨང་གཞི་སྒྲིག་ཆས་དང་འཐབ་ཇུས་ཐོན་ཁུངས་གཙོ་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ་དང་། དག་གཙང་ནུས་ཁུངས་ཀྱི་དགེ་མཚན་ལ་རྒྱབ་བརྟེན་པ། ལྗང་མདོག་རྩིས་ནསུ་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་བསྐྱེད་པ། ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་ ཕྲེང་འབྲེལ་མཉམ་ལས་བདེ་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་བཟོ་སྐྲུན་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱ་ཁྲོད་འདྲེས་པར་བྱེད་རྒྱུའི་རེ་བ་བཏོན། ནུབ་རྒྱུད་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྗང་མདོག་རྩིས་ནུས་ཀྱི་རྟེན་གཞི་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་སྒུལ་ནུས་གསར་བ་སྣོན་པ་དང་གསོན་ཤུགས་གསར་བ་སྐྱེད་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ། ཐོན་ཁུངས་བེད་སྤྱོད་གཅིག་འདོམས་སྒོས་སྤེལ་ཆེད་ལམ་བུ་གསར་བ་དང་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས།
ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་རྒྱལ་ཁབ་ལྗང་མདོག་གཞི་གྲངས་ལྟེ་གནས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཞི་གྲངས་ལྟེ་གནས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་རྩིས་ནུས་ཀྱི་རྟེན་གཞི་འཛུགས་སྐྲུན་ཐད་རོགས་འདེགས་བྱས་ཏེ། རྒྱལ་ཁབ་ཀྱིས་ཐཱན་གཉིས་འཐབ་ཇུས་དང་ཤར་གྲངས་ནུབ་རྩིས་བཟོ་སྐྲུན་ལག་བསྟར་བྱེད་པའི་ཐད་མཚོ་སྔོན་གྱི་ཇུས་གཞི་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ་དང་། གྲངས་རིག་དུས་སྐབས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མཉམ་བསྐྲུན་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།