མཚོ་སྔོན་པོའི་བྱེ་གླིང་སྲུང་སྐྱོབ་ས་ཚིགས་ཀྱིས་རྨས་སྐྱོན་ཕོག་པའི་དགོ་བ་ཞིག་བསྐྱབས།
2024.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ6པའི་ཚེས7ཉིན། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་མདའ་བཞི་དོ་དམ་ཡན་ལག་ཅུའུ་བྱེ་གླིང་སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་མི་སྣས་རྒྱུན་ལྡན་གྱི་སྐོར་ཞིབ་བྱ་བ་སྤེལ་སྐབས་རྨས་སྐྱོན་ཕོག་པའི་དགོ་བ་ཞིག་བསྐྱབས།   རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ5པའི་ཚུན་ལ། བྱེ་གླིང་སྲུང་སྐྱོབ་ས་ཚིགས་ཀྱིས་དགོ་བ་གསུམ་བསྐྱབས་ནས། རི་སྐྱེས་སྲོག་ཆགས་བདེ་འཇགས་དང་སྐྱོན་བྲལ་ངང་སྐྱེ་འཕེལ་ཡོང་བར་ཁག་ཐེག་བྱས།

ཉིན་དེར་འབྲོག་པ་མང་ཚོགས་ཀྱིས་བྱེ་གླིང་སྲུང་སྐྱོབ་ཁུལ་གྱི་རྩྭ་ར་ནས་རྨས་སྐྱོན་ཕོག་པའི་དགོ་བ་ཞིག་རྙེད་བྱུང་ཞེས་ཁ་པར་བཏང་།     དེའི་རྗེས་སུ་བྱེ་གླིང་སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་མི་སྣ་མགྱོགས་མྱུར་སྒོས་ཡུལ་དངོས་སུ་སོང་བ་ན།  འབྲོག་པའི་རྩྭ་ར་དང་བར་ཐག་སྤྱི་ལེ་གཉིས་ཀྱི་སར་རྨས་སྐྱོན་ཕོག་པའི་དགོ་བ་ཞིག་མཐོང་ཞིང་།    བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད།    རྨས་སྐྱོན་ཕོག་པའི་དགོ་བ་ནི་དགོ་ཕྲུག་ཅིག་ཡིན་པར་མ་ཟད་རྨས་སྐྱོན་ལྗིད་མོ་ཕོག་ཡོད།     ལས་བྱེད་མི་སྣས་མྱུར་དུ་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་དང་འབྲེལ་གཏུག་བྱས།     རྨས་སྐྱོན་ཕོག་པའི་དགོ་བར་དུས་ཐོག་ཏུ་རོགས་སྐྱོབ་བྱེད་ཆེད།    ཁོ་ཚོས་མཚན་བརྒྱབ་ནས་མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་སུ་བསྐྱལ་བ་དང་ཕྱིར་གཏོང་གི་ཆ་རྐྱེན་ལ་སླེབས་རྗེས་ཕྱིར་གཏོང་རྒྱུ་རེད།

ད་ལོར་བྱེ་གླིང་སྲུང་སྐྱོབ་ས་ཚིགས་ཀྱིས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས། བྱེ་གླིང་སྲུང་སྐྱོབ་ཁུལ་ལྟེ་བ་ཡིན་པའི་ས་གནས་སུ་ཞིབ་བཤེར་དང་མི་མེད་གནམ་གྲུའི་སྐོར་ཞིབ་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་དང་སྐྱེ་འཕེལ་ས་ཁུལ་སོགས་གཙོ་གནད་ས་ཁོངས་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་བྱས། ཏང་འཛུགས་སྐྲུན་ས་གནས་ཁག་གི་འབྲེལ་གཏུག་ལམ་སྲོལ་ལ་སྣེ་ཁྲིད་བྱས་ཏེ་འབྲེལ་ཡོད་ལས་ཁུངས་དང་མཚོ་སྐོར་ཞིང་སྡེ།    དོ་དམ་སྲུང་སྐྱོབ་པ།    འབྲོག་པའི་དང་བླངས་པ་སོགས་སྤྱི་ཚོགས་ཡོངས་ཞུགས་པའི་ཆ་འཕྲིན་བརྗེ་རེས་དང་འཕྲལ་སྒྲུབ་བྱ་སྤྱོད་འདོན་སྤེལ་གང་ལེགས་བྱས་ཏེ། ལུས་ཟུངས་ཞན་པ་དང་རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་ལ་དུས་ཐོག་ཏུ་རོགས་སྐྱོབ་དང་སྨན་བཅོས་བྱས་ནས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་རྣམ་པ་བཟང་པོ་ཆགས་པ་དང་གཞི་རིམ་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་ཕྱིན་ཡོད།

ཤ་བོ་རིན་མཚོས་བསྒྱུར།