མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྤུས་ཚད་མཐོ་བའི་རྒན་གསོ་ཞབས་ཞུའི་མ་ལག་བསྐྲུན།
2024.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ6པའི་ཚེས7ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྲོང་གསེབ་རྒན་གསོ་ཞབས་ཞུ་ལྟེ་གནས་ཀྱིས་ལྔ་པའི་བ་བཞིའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་ནས་རྒན་པ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས། ད་ལོ་ནས་བཟུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱིམ་སྡོད་གཞིས་ཁུལ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་དང་། ཁྱིམ་དུ་སོང་ནས་ཞབས་ཞུ་བྱེད་པ། རྒན་པ་དང་འཚམ་པའི་སྒྱུར་བཀོད་སོགས་ཀྱི་བྱེད་ཐབས་བཏོན་ནས།   རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཁུལ་ཡོངས་ཀྱི་རྒན་པ་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

ཞིང་ཆེན་རིམ་པའི་རྒན་གསོའི་ཞབས་ཞུའི་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གསུམ་བརྩོན་ལེན་བྱས་པ་བརྒྱུད།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང5ཡི་ས་ཁོངས་ནང་གཞིས་ཁུལ་དང་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་སྤེལ་བ་དང་། ཁེབས་ཚད71%ལྷག་ཟིན་ལ། ཆ་རྐྱེན་དང་མཐུན་པའི་ལོ60ཡན་གྱི་དཀའ་ངལ་ཡོད་པའི་རྒན་པ་དང་ལོ80ཡན་དང་བཅས་པའི་སྤྱི་ཚོགས་རྒན་པ3000ལྷག་ཙམ་ལ་གཙང་སྦྲའི་རོགས་རམ་དང་། ཚབ་སྒྲུབ། སེམས་གསོ་སོགས་སྣ་མང་ཅན་དང་རང་གཤིས་ཅན་གྱི་དགོས་མཁོའི་ཞབས་ཞུ་མཁོ་འདོན་བྱས་ཏེ།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྐོང་བཞིན་ཡོད་པ་རེད། དེ་ལས་གཞན་ད་ཡོད་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་དང་བེད་མེད་ཁང་པ་སོགས་ཐོན་ཁུངས་ལ་བརྟེན་ནས།   ཟ་མའི་རོགས་རམ་དང་ཉིན་མོའི་ལྟ་སྐྱོང་སོགས་ཕྱོགས་བསྡུས་ནུས་པ་ལྡན་པའི་རྒན་གསོའི་ཞབས་ཞུའི་ས་ཚིགས14བསྐྲུན་ནས་རྒན་པའི་ཟ་མའི་རོགས་རམ་གྱི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཇེ་ཆེ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།

 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》དོན་འཁྱོལ་ནན་ཏན་བྱས་པ་དང་། 《 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་ཇུས་གཞི》བཟོས་ནས་ཕྱིར་བཏོན་ཏེ་རྒན་གསོའི་ཞབས་ཞུའི་གཙོ་གནད་ལས་འགན་ཞིབ་ཕྲ་དང་ཁ་གསལ་དུ་བཏང་ཡོད། རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་དམངས་སྲིད་བྱ་གཞག་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་འཇུག་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྣལས་གཞིའི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་བདུན་ཁྲི་དྲུག་བརྩོན་ལེན་བྱས་ཏེ།   དུར་ལམ་རྫོང་མཉམ་འབྲེལ་སྡེ་བ་དང་ཝུའུ་ལན་རྫོང་བདེ་སྐྱིད་སྡེ་བ་སོགས་ཀྱི་རྒན་གསོའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་མ་ཟད། མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་འབྲེལ་བྱས་ནས་རྒན་གསོའི་ཞབས་ཞུའི་ལས་གཉེར་མི་སྣའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ་རྒན་གསོའི་ཞབས་ཞུའི་ནད་གཡོག་མི་སྣའི་ཞབས་ཞུའི་ནུས་པ་དང་སྤུས་ཚད་ཇེ་མཐོར་བཏང་།

ཤ་བོ་གསེར་མཚོས་བསྒྱུར།