གསར་འགོད་པས་ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་ནས་རྒྱུས་ལོན་པ་ལྟར་ན། ཞིབ་འཇུག་ཁང་དེའི་ཚན་ཞིབ་ཚོགས་པར་མདོ་དབུས་མཐོ་སྒང་གི་བལྟོས་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་པོའི་ཐིག་དབྱིབས་ལ་ལོ་གསུམ་རིང་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ཐོག་མ་ཐོབ་པ་དང་། དེས་མདོ་དབུས་མཐོ་སྒང་གི་གནམ་གཤིས་བརྒྱུད་རིམ་དང་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་དང་། གནམ་གཤིས་ངན་པ་ཐོན་སྐབས་སྔོན་བརྡ་གཏོང་བ་སོགས་ལ་གཞི་གྲངས་ཀྱི་འདེགས་སྐྱོར་བྱེད་ཐུབ། འབྲེལ་ཡོད་གྲུབ་འབྲས་ཉིན་འགའི་སྔོན་རིག་གཞུང་དུས་དེབ《རླུང་ཁམས་ཆེན་མོའི་ཚན་རིག་འཕེལ་རིམ》སྟེང་བཀོད་ཡོད།
ངོ་སྤྲོད་བྱས་པ་ལྟར་ན། རླུང་ཁམས་ཆེན་མོའི་ཐིག་དབྱིབས་ནི་མཐོ་ཚད་མི་འདྲ་བའི་རླུང་ཁམས་ཆེན་མོའི་ནང་གི་དབྱང་རླུང་དང་། ཆུ་རླངས་དང་ཕྲ་ཚད་རླུང་གཟུགས་གཞན་དག་བཅས་ཀྱི་དྲང་འཕྱང་ཁྱབ་ཚུལ་གཞི་གྲངས་ལ་ཟེར། 2021ལོར། རང་རྒྱལ་གྱིས་མདོ་དབུས་མཐོ་སྒང་གི་བལྟོས་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོའི་རླབས་ཕྲན་འགྱེད་འཕྲོའི་རྩིས་ཆས་ལྟ་ཞིབ་ཚད་ལེན་དྲ་རྒྱ་བཙུགས་ནས། གནམ་གཤིས་ཆ་རྐྱེན་ཚང་མའི་འོག་དུས་ཐོག་ཏུ་བསྟུད་མར་ལས་རེས་མེད་པའི་ལྟ་ཞིབ་ཚད་ལེན་བྱེད་ཐུབ།
རྩོམ་ཡིག་གི་རྩོམ་པ་པོ་དང་པོ། ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲིན་ཞུའེ་ལུང་གིས་བཤད་རྒྱུར། ཞིབ་འཇུག་དེའི་ནང་ཚོགས་པས་རླབས་ཕྲན་འགྱེད་འཕྲོའི་རྩིས་ཆས9དང་སྐུད་མེད་གློག་མཁའ་འཚོལ་ས་ཚིགས8སྤྱད་དེ། མདོ་དབུས་མཐོ་སྒང་གི་བལྟོས་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོའི་ལངས་གཟུགས་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ནས། མདོ་དབུས་མཐོ་སྒང་གི་བལྟོས་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོའི་ཐིག་དབྱིབས་ལ་ལོ་གསུམ་རིང་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་ཐོག་མ་ཐོབ་པ་མ་ཟད་འབྲེལ་ཡོད་དབྱེ་ཞིབ་ཞིབ་འཇུག་ཀྱང་བྱས་ཟེར།
རྩོམ་པ་པོ་ཀྲུང་གོ་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་མཱ་ཡའོ་མིན་གྱིས་བཤད་རྒྱུར། “མདོ་དབུས་མཐོ་སྒང་གི་བལྟོས་རྒྱུག་བང་རིམ་གྱི་རླུང་ཁམས་ལངས་གཟུགས་ལྟ་ཞིབ་ཚད་ལེན་དྲ་བས་མཐོ་སྒང་གི་བལྟོས་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོའི་དྲོད་ཚད་དང་བརླན་ཚད་ཚད་འཇལ་གནད་ལ་འཁེལ་བ་དང་། མཐོ་སྒང་གི་བལྟོས་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོའི་ཆུ་དྲོད་གྲུབ་ཆའི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ། ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ཀྱིས་མདོ་དབུས་མཐོ་སྒང་གི་གནམ་གཤིས་བརྒྱུད་རིམ་གྱི་འབྲེལ་ཡོད་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པ་ལས་གཞན། ད་དུང་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་འབྲེལ་ཡོད་ཞིབ་འཇུག་ལ་འདེགས་སྐྱོར་ཡང་བྱེད་ཐུབ་ཟེར།
རྒྱུས་ལོན་པ་ལྟར་ན། མདོ་དབུས་མཐོ་སྒང་གིས་བལྟོས་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོའི་ལངས་གཟུགས་ལྟ་ཞིབ་ཚད་ལེན་དྲ་བའི་ལྟ་ཞིབ་ཚད་ལེན་གཞི་གྲངས་མིག་སྔར་ཕྱི་ཕྱོགས་སུ་སྒོ་ཕྱེ་ཡོད།
ཤ་བོ་རིན་མཚོས་བསྒྱུར།