མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་གནད་འགག་གི་དུས་སྐབས་སུ་སླེབས་པའི་སྐབས་འདིར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རང་འགུལ་ངང་བྱེད་ཐབས་སྤྱད་དེ། རྣམ་པ་མང་པོའི་ཐོག་ནས་གནད་ལ་འཁེལ་བའི་ཞབས་ཞུ་སྤེལ་བ་དང་ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ལས་གནས་རྒྱ་ཆེར་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས། ད་ལོ་ནས་བཟུང་ལས་རིགས་དབྱེ་བ་དང་རིམ་པ་ཐེངས་མང་དབྱེ་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཆེད་མངགས་གདན་ཞུའི་བྱ་འགུལ་ཐེངས106སྤེལ་བ་དང་། ལས་གནས་ཆ་འཕྲིན་ཁྲི་བཞི་དང་སྟོང་གཉིས་ལྷག་ཁྱབ་བསྒྲགས་བྱས་ཏེ། ད་ལོའི་དཀའ་ངལ་ཡོད་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཐེངས་གཅིག་རང་བཞིན་གྱི་བྱ་བ་འཚོལ་བ་དང་ལས་སྐྲུན་ཁ་གསབ་སྒོར་ས་ཡ་དགུ་དང་འབུམ་བཞི་ལྷག་བྱིན།
ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས“མི་ཤུགས་དང་སྤྱི་ཚོགས་ཀྱི་ཞབས་ཞུ་ཁྱིམ་ཚང་ཁྲི་ལ་བསྐྱོད་པའི”བྱ་འགུལ་བྱེད་ཐབས་སུ་བྱས་ནས། 2024ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུའི་མཁྲེགས་གཏོར་བྱ་སྤྱོད་ལག་བསྟར་བྱས་པ་དང་།“ལས་གནས་ཀྱིས་འབྱུང་འགྱུར་ལ་ཁྲིད་སྟོན་བྱེད་པའི”མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཆེད་དོན་གདན་ཞུའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཧུར་ཐག་གིས་ནུས་པ་མཐོ་བའི་མི་ཤུགས་ཐོན་ཁུངས་སྦྲེལ་མཐུད་སྟེགས་བུ་བསྐྲུན་ཏེ་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་། ཤར་ནུབ་རྒྱུད་ཀྱི་ངལ་ལས་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་འབྲེལ་མཐུད་བྱས་ནས། མཐར་ཕྱིན་སློབ་མ“ཚོགས་སྒྲིག་རྣམ་པའི”ཕྱི་རུ་བསྐྱོད་ནས་ལས་ཞུགས་བྱེད་པར་སྟེགས་བུ་བསྐྲུན་ཏེ། རིམ་རྩིས་བྱས་ན་མི945ཞིང་ཆེན་གཞན་དུ་ལས་ཞུགས་དང་དངོས་སྦྱོང་བྱེད་དུ་བཅུག ལས་ཞུགས་ལྟ་སྦྱོང་ལས་གནས་བསྡུ་བའི་འཆར་གཞི་ལ་སྐུལ་འདེད་བཏང་ནས་རིམ་རྩིས་བྱས་ན་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི239བཙུགས་ནས་ལྟ་སྦྱོང་ལས་གནས1246ཁྱབ་གདལ་དུ་བསྡུ་རུབ་བྱས།
དུས་མཚུངས་སུ་རྩལ་ནུས་གསོ་སྦྱོང་གནད་ལ་འཁེལ་བའི་སྒོ་ནས་སྤེལ་བ་དང་། ལག་རྩལ་བཟོ་བའི་སློབ་གླིང་དང་ལས་རིགས་སློབ་གླིང་སོགས་ཀྱིས་ལས་ཞུགས་ཀྱི་དགོས་མཁོ་དང་ས་གནས་སོ་སོའི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མཐར་ཕྱིན་སློབ་མར་ཕྱོགས་ནས་ཁ་ཕྱོགས་གཏན་འཁེལ་དང་ལས་གནས་གཏན་འཁེལ། མངགས་ཐོའི་གསོ་སྦྱོང་བྱས་ནས། སྤུས་ལེགས་གསོ་སྦྱོང་ཐོན་ཁུངས་ཀྱིས་མཐར་ཕྱིན་སློབ་མའི་རྩལ་ནུས་གསོ་སྦྱོང་ལས་གཞི་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁོང་ཚོར་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་རོགས་རམ་བྱས་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། ལས་ཞུགས་རོགས་སྐྱོར་ལ་མུ་མཐུད་དུ་ཤུགས་བསྣན་ཏེ“གཙོ་གནད་དོ་ཁུར་དང་། གཙོ་གནད་ཞབས་ཞུ། གཙོ་གནད་འོས་སྦྱོར”བཅས་བྱེད་པའི་རྩ་དོན་གཞིར་བཟུང་ནས། མཐར་ཕྱིན་སློབ་མའི་དངོས་མིང་དོ་དམ་ལ་ཤུགས་སྣོན་པ་དང་དུས་ལྟར་ཡང་བསྐྱར་འཚམས་འདྲི་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་ལ་རྗེས་སྙེགས་ནས་ཞིབ་མཆན་འགོད་པ་དང་། ཞབས་ཞུ་བྱ་ཡུལ་གཏན་འཁེལ་བྱེད་པ། རོགས་སྐྱོར་གཙོ་གནད་གསལ་པོར་ཤེས་པ། རིགས་དབྱེ་གནད་འཁེལ་གྱི་རོགས་སྐྱོར་བཅས་བྱས་ནས་མགྱོགས་མྱུར་སྒོས་ལས་ཞུགས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
ཤ་བོ་རིན་མཚོས་བསྒྱུར།