རྒྱལ་ཁབ་ནགས་རྩྭའི་ཚན་རྩལ་འཆད་ཁྲིད་ཆེན་མོ་མཚོ་སྔོན་དུ་འཚོགས།
2024.06.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ6པའི་ཚེས4ཉིན།“ཚན་རྩལ་གྱིས་བྱང་གསུམ་བཟོ་སྐྲུན་ལ་རམ་འདེགས་བྱས་ནས་དུས་རབས་གསར་པའི་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ”བརྗོད་བྱ་གཙོ་བོར་བྱས་པའི“རྒྱལ་ཁབ་ནགས་རྩྭའི་ཚན་རྩལ་འཆད་ཁྲིད་ཁང་ཆེན་མོ”ཐེངས་ཞེ་གཉིས་པ་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དུ་བསྡུས།

འཆད་ཁྲིད་ཁང་ཆེན་མོས་ཚན་རྩལ་གྱིས་བྱང་གསུམ་བཟོ་སྐྲུན་ལ་རམ་འདེགས་བྱེད་པར་དམིགས་ཏེ། དུས་ཡུན་རིང་པོར་འབྲེལ་ཡོད་ཁྱབ་ཁོངས་སུ་ཞིབ་འཇུག་བྱེད་བཞིན་པའི་ཆེད་མཁས་པ་བཞི་གདན་འདྲེན་བྱས་ནས། “དུས་སྐབས་གསར་པའི་རང་རྒྱལ་གྱི་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་ཀྱི་ལག་རྩལ་དང་རྣམ་པ།”“ཐན་ཁུལ་གྱི་བྱེ་ཐང་བཅོས་སྐྱོང་ལག་རྩལ་དང་རྣམ་པ།”“མདོ་དབུས་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བའི་འགག་རྩའི་ལག་རྩལ།”“ཞན་འགྱུར་མཐོ་གྲང་རྩྭ་ས་སླར་གསོ་བཅོས་སྐྱོང་བྱེད་སྟངས”སོགས་ཀྱི་ནང་དོན་ལ་དམིགས་ནས།“བྱང་གསུམ”བཟོ་སྐྲུན་གྱི་འདུ་ཤེས་གསར་པ་དང་ལག་རྩལ་གསར་པ།    བྱ་ཐབས་གསར་པ་བཅས་བརྒྱུད་ཁྲིད་བྱས་ནས། གསར་གཏོད་འདུ་ཤེས་དང་འགག་རྩའི་དངོས་སྤྱོད་ལག་རྩལ་གཞི་རིམ་དུ་བསྐྱལ་ཏེ་ནགས་རྩྭའི་ཚན་རྩལ་གྲུབ་འབྲས་བསྒྱུར་བའི“མཇུག་མཐའི་སྤྱི་ལེ་གཅིག”ཐག་གཅོད་ནུས་ལྡན་བྱས་ཏེ། ཕྱོགས་ཡོངས་ནས་བྱང་གསུམ་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཚན་རྩལ་གསར་སྐྲུན་གྱི་གསོན་ཤུགས་སྣོན་དགོས།

ཉིན་དེར་དྲ་ཐོག་གི་ཐད་གཏོང་ལ་རྒྱལ་ཡོངས་ཀྱི་ནགས་རྩྭའི་ལས་གཉེར་པ་དང་།    གཞི་རིམ་གྱི་ཆེད་ལས་ལག་རྩལ་མི་སྣ།    རྒྱ་ཆེའི་རོང་འབྲོག་པ་བཅས་ཀྱིས་དོ་ཁུར་རྒྱ་ཁྱབ་ཆེན་པོ་བྱས་ཏེ། དྲ་ཐོག་ནས་ལྟ་མཁན་མི་ཐེངས་འབུམ་ལྔ་དང་ཁྲི་བདུན་ཟིན་ནས་དྲ་ཐོག་དང་ཡུལ་དངོས་ནས་དུས་མཉམ་དུ་སློབ་ཁྲིད་དང་དུས་ཐོག་ཏུ་མཉམ་འགུལ་ཐུབ་ཡོད།

ཞིང་ཆེན་ནགས་རྩྭ་ཅུའུ་ཚན་རིག་ལག་རྩལ་དང་ཕྱི་ཕྱོགས་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཧོང་ཝུན་མཱེ་ཡིས་བཤད་རྒྱུར།“ནགས་རྩྭའི་མཐོ་གསར་ལག་རྩལ་མཚོ་སྔོན་དུ་ནང་འདྲེན་བྱེད་པའི”བྱ་འགུལ་གོ་སྐབས་སུ་བྱས་ནས། “བྱང་གསུམ”བཟོ་སྐྲུན་གྱི་མཁྲེགས་གཏོར་དམག་འཐབ་ཀྱི་ལས་འགན་དམིགས་འབེན་ལ་གཙོ་གནད་དུ་དམིགས་ཏེ། ཕྱི་ཕྱོགས་སུ་བསྐྱོད་པ་དང་ནང་འདྲེན་བྱས་ཏེ་ཤར་ནུབ་མཉམ་ལས་དང་ནགས་རྩྭའི་ཚན་རྩལ་མཉམ་ལས་ལས་ཁུངས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་མཁྲེགས་གཏོར་མཉམ་དུ་སྤེལ་ཏེ། ནགས་རྩྭ་འཕྲུལ་ཆས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་ཇེ་མགྱོགས་སུ་བཏང་སྟེ་ནགས་རྩྭ་ཚན་རྩལ་གྱིས་བྱང་གསུམ་བཟོ་སྐྲུན་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་པ་འདོན་སྤེལ་ནན་མོ་བྱ་རྒྱུ་ཡིན་ཟེར།

འཆད་ཁྲིད་ཁང་ཆེན་མོ་དེ་རྒྱལ་ཁབ་ནགས་རྩྭ་ཅུའུ་ཚན་རྩལ་ཟིས་གཙོ་སྒྲུབ་བྱས་པ་དང་།    མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་འགན་སྒྲུབ་བྱས།    ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་།    ཅང་ཞིས་ཞིང་ཆེན་ནགས་ལས་ཚན་རྩལ་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས།    རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དོ་དམ་ལས་བྱེད་པའི་སློབ་གླིང་བཅས་ཀྱིས་སྒྲུབ་རོགས་བྱས།

ཤ་བོ་རིན་མཚོས་བསྒྱུར།