ཟླ6པའི་ཚེས11ཉིན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་བཅས་ཀྱིས་རྩ་འཛུགས་བྱས་ནས་སྤེལ་བའི“ཏང་དར་གྱི་འོད་སྣང་སྐྱོད་ལམ་གསར་པར་འཚེར་བ་དང་ལས་ཡུལ་དང་པོར་དངོས་སྒྲུབ་ལག་བསྟར་བྱེད”ཅེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས།
བྱ་འགུལ་དེས་སྨྱན་བྱད་ཡོངས་སུ་གནས་ཚུལ་སྤེལ་བའི་རྣམ་པ་བརྒྱུད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚུན་གྱི་རང་ཞིང་གི་གཞི་རིམ་ཏང་འཛུགས་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོར་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་ལེགས་སྐྱེས་ཕུལ།
ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་ནི་ཟླ6པའི་ཟླ་སྟོད་ནས་ཟླ12པའི་ཟླ་སྟོད་བར་ཡིན་པ་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་བྱད་དང་ཞིང་ཆེན་གྱི་གཙོ་རྒྱུན་སྨྱན་བྱད་རྩ་འཛུགས་བྱས་ནས་མཚོ་སྔོན་གྱི་ས་གནས་སོ་སོའི་གཞི་རིམ་གྱི་ལས་ཡུལ་དང་པོ་རུ་བསྐྱོད་དགོས། གཞི་རིམ་ཏང་ཀྲི་པུའུ་གཙོ་བོར་བྱས་ནས་ཡི་གེ་དང་པར་རིས། བརྙན་ཐུང་སོགས་ཀྱི་རྣམ་པ་སྤྱད་དེ་ཕྱོགས་ཡོངས་དང་ཟུར་ཚད་མང་བ། དུས་མཚམས་དབྱེ་ནས་དྲིལ་བསྒྲགས་དང་ཏང་འཛུགས་སྐྲུན་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་ཁྱབ་གདལ་བྱེད་ཆོག་པ་དང་། འདྲ་བཟོ་བྱེད་ཆོག་པ་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་དགོས་པ་མ་ཟད། གྲུབ་འབྲས་མངོན་གསལ་བླངས་ནས་ཁྱད་ཆོས་ལྡན་པ་དང་ཉམས་མྱོང་བླངས་ནས། ཏང་གི་གསར་སྐྲུན་གཞུང་ལུགས་ལག་ལེན་བསྟར་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔོན་ཐོན་དཔེ་མཚོན་ཁག་ཅིག་འཛུགས་དགོས། དེའི་རིང་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དྲ་ཚིགས་དང་མཚོ་སྔོན་ཉིན་རེའི་ཚགས་པར།“མཚོ་སྔོན་ཏང་འཛུགས”སོགས་སུ་བསྟུད་འགོད་ཆེད་སྒྲིག་ལེ་ཚན་བཙུགས་ནས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་ཕྱོགས་ཡོངས་ལ་ཁྱབ་པ་དང་ཕན་འབྲས་ལྡན་པའི་རྣམ་པ་ཞིག་ཆགས་དགོས།
རྒྱུས་ལོན་པ་ལྟར་ན། དྲ་རྒྱའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་བསྟུད་མར་ལོ་བཞི་ལ་སྒྲུབ་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས“ལོ་གཅིག་ལ་བརྗོད་དོན་རེ་དང་ལོ་གཅིག་ལ་ཁྱད་ཆོས་རེ”རྒྱུན་འཁྱོངས་བྱས་ཏེ། གཙོ་རྒྱུན་སྨྱན་བྱད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་ཞིང་གི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ད་ལོའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་གྱི་བརྗོད་དོན་ནི“དོན་དངོས་སྒྲུབ་པ”ཡིན་ལ། གཞི་རིམ་གྱི་ལས་ཡུལ་དང་པོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་ལས་ལ་འབད་དགོས། བསམ་ཕྱོགས་གསལ་དགོས། རང་གཅུན་དམ་དགོས་པའི”བླང་བྱ་ལག་ལེན་གཏིང་ཟབ་བྱེད་པའི་བྱ་སྤྱོད་དངོས་ལ་དམིགས་ཏེ། སྔོན་ཐོན་གྱི་ཕྱོགས་སྟོན་མངོན་གསལ་ཞིག་བཙུགས་ནས་སྒྲུབ་པའི་ཡིད་ཆེས་རྒྱུན་མི་ཆད་པར་འཕེལ་བ་དང་། སྒྲུབ་པའི་རྣམ་པ་བསྐྲུན་ནས་སྒྲུབ་པའི་ཚ་རླབས་འཕྱུར་དགོས།
ཤ་བོ་རིན་མཚོས་བསྒྱུར།