ཟླ6པའི་ཚེས7ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་ཡི་ལས་བྱེད་མི་སྣ་ཨན་ཕེ་ཞང་གིས་ངོ་སྤྲོད་བྱས་པ་ལྟར་ན། རོང་འབྲོག་མང་ཚོགས་ཀྱི་དཔྱིད་འདེབས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ཐད་ཀྱི་དགོས་མཁོ་སྐོང་ཆེད། མཚོ་ནུབ་ཁུལ་གྱིས་སྐོར་ཐེངས་གསར་བའི་ཞིང་ཆས་ཉོ་སྒྲུབ་ཁ་གསབ་བྱ་བ་ལག་བསྟར་བྱས་པར་མ་ཟད། སྲིད་ཇུས་ཕྱིར་སྒྲོག་ཚད་མཐོར་འདེགས་བཏང་ནས། ཁ་གསབ་བྱེད་འོས་པ་ཚང་མར་ཁ་གསབ་བྱེད་པར་ཁག་ཐེག་བྱས་པ་དང་། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
མཚོ་ཁུབ་ཁུལ་གྱིས་ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་སོ་སོའི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་འབོད་སྐུལ་དང་ལེན་བྱས་ནས། ཞིང་ཆས་ཉོ་སྒྲུབ་ཁ་གསབ་སོགས་ཀྱི་ཞིང་ཕན་སྲིད་ཇུས་ལག་བསྟར་བྱེད་པར་ཤུགས་བསྣན་པ་དང་། སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་པ་བརྒྱུད་དེ། ཞིང་ཆས་སྒྲིག་ཆས་ཀྱི་སྤྱིའི་གྲངས་ཀ་བརྟན་བརླིང་ངང་འཕར་སྣོན་བྱུང་བ་དང་། སྒྲིག་ཆས་གྲུབ་ཚུལ་མངོན་གསལ་སྒོས་ལེགས་སྒྱུར་བྱུང་ལ། 2023ལོར། མཚོ་ནུབ་ཁུལ་གྱིས་ཞིང་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་གཅིག་སྟོང་དྲུག་བཞི་བརྒྱ་དང་ལྔ་འཛིན་སྤྲོད་དངུལ་ལེན་བྱས་པ་དང་། རིགས་མི་འདྲ་བའི་ཞིང་ཆས་བཞི་བརྒྱ་དང་བརྒྱད་ཅུ་དང་ཞིང་བའི་ཁྱིམ་ཚང་སུམ་བརྒྱ་དང་ཞེ་ལྔར་ཕན་བཏགས།
ད་ལོར། ཞིང་ཆས་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་མཐར། མཚོ་ནུབ་ཁུལ་གྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མྱུར་དུ་མཐོར་འདེགས་བྱུང་། མིག་སྔའི་བར་དུ། ཁུལ་ཡོངས་སུ་འདྲུད་འཐེན་འཁོར་ལོའི་གྲངས་ཀ་ཁྲི་གཅིག་དང་སྟོང་དགུ་བརྒྱད་བརྒྱ་གྱ་གསུམ་ལ་སླེབས་པ་དང་། མཉམ་འབྲེལ་བརྔ་སྡུད་འཕྲུལ་འཁོར་ཉིས་བརྒྱ་གྱ་དྲུག་དང་། ཞིང་ལས་ཡོ་བྱད་ཁྲི་གཉིས་དང་སྟོང་གསུམ་བཞི་བརྒྱ་དང་དྲུག་ཡོད།
རིན་ཆེན་མཚོས་བསྒྱུར།