ཟླ6པའི་ཚེས11ཉིན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཞིང་ཆེན་ཐད་གཏོགས་ལས་རིགས་སྡེ་ཁག་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བའི་ལས་འགན་གཞིར་བཟུང་ཞིང་། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གནད་ལས་འགན་ལ་དམིགས་པ་དང་། ལག་རྩལ་གསོ་སྦྱོང་དང་བདེ་ཐང་ཉམས་གསོའི་ཞབས་ཞུ་གནད་ཁེལ་ལག་བསྟར་བྱེད་པ། བཀག་མེད་སྒྲིག་ཆས་བཅོས་སྒྱུར་བྱེད་པའི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སྣ་གསུམ་ལ་དམ་པོར་དམིགས་ནས་འབྲེལ་ཡོད་བྱ་བ་ཏན་ཏིག་སྒོས་དངོས་འབེབས་བྱས་ཟེར། མིག་སྔར། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན640ལ་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱེད་པ་ཡོངས་འགྲུབ་བྱས་ཤིང་། མི་ཁྲི་གཅིག་སྟོང་གཉིས་སུམ་བརྒྱ་ལ་གནད་ཁེལ་གྱི་བདེ་ཐང་ཉམས་གསོའི་ཞབས་ཞུ་ལག་བསྟར་བྱས་པ་དང་། མི་ལྔ་སྟོང་དྲུག་བརྒྱ་གོ་གསུམ་ལ་རོགས་འདེགས་ཡོ་ཆས་སྡེབ་སྒྲིག་བྱས།
རྒྱུས་ལོན་པ་ལྟར་ན། མིག་སྔར་ཞིང་ཆེན་ཡོངས་སུ་རིགས་སྣ་གསུམ་གྱི་གཙོར་འཛིན་ལྟ་བཤེར་བྱེད་པའི་དབང་བོ་སྐྱོན་ཅན་ཁྱིམ་ཚང་བཞི་སྟོང་སོ་གཉིས་ཡོད་པ་དང་། དེའི་ཁྲོད། ཕྱིར་དབུལ་བོར་འགྱུར་སླ་བའི་ཁྱིམ་ཚང་ཆིག་སྟོང་དགུ་བརྒྱ་རེ་བཞི་དང་། ཐོལ་བྱུང་དཀའ་ཁག་ཆེ་བའི་ཁྱིམ་ཚང་སྟོང་གཅིག་བརྒྱ་དང་གྱ་གསུམ་ཡོད་ལ། དབུལ་ཐར་གཏན་འཇགས་མིན་པའི་ཁྱིམ་ཚང་བརྒྱད་བརྒྱ་གྱ་ལྔ་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྔར་ལས་ལྷག་པར་ཕན་ཡོད་སྦྲེལ་མཐུད་བྱེད་ཆེད། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོར་འཛིན་ལྟ་བཤེར་བྱ་བ་ཧུར་ཐག་གིས་སྤེལ་ཏེ། ཕྱིར་དབུལ་བོར་འགྱུར་སླ་བའི་དབང་བོ་སྐྱོན་ཅན་པའི་གཞི་གྲངས་ལྟ་སྡུར་དབྱེ་ཞིབ་བྱ་བར་ཤུགས་བསྣན་པ་དང་། རིགས་གསུམ་པའི་གཙོར་འཛིན་ལྟ་བཤེར་ཁྱབ་ཁོངས་ནང་བཞག་པའི་དབང་བོ་སྐྱོན་ཅན་གྱི་དཀའ་ཁག་དགོས་མཁོར་རྒྱུས་ལོན་ཡང་དག་བྱས་ཤིང་། རིགས་བགར་བའི་སྤྱི་ཚོགས་རོགས་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པའི་ནང་ཟབ་ཞུགས་བྱས་པར་མ་ཟད། དམངས་ཚིས་མ་མཐའི་འགན་སྲུང་གི་བདེ་འཇགས་དྲ་བ་སྔར་ལས་ཇེ་དམ་དུ་བཏང་། དབང་བོ་སྐྱོན་ཅན་བཅོལ་གཉོར་ཞབས་ཞུའི་ལས་ཀ་སྤེལ་བའི་རིང་། ད་ལོའི་ཚུན་དུ། ཞིང་ཆེན་ཡོངས་སུ་དབང་བོ་སྐྱོན་ཅན་སྟོང་གཉིས་སུམ་བརྒྱ་དང་དགུ་ལ་དེ་ལུགས་ཀྱི་ཞབས་ཞུ་བསྒྲུབས། དུས་མཉམ་དུ། དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ཀྱི་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་འཛུགས་པ་དང་། དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ཀྱི་ཚད་གཞི་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བའི་བྱ་བ་གང་ལེགས་སྒོས་བསྒྲུབ་ནས། རོང་འབྲོག་ཁུལ་གྱི་དབང་བོ་སྐྱོན་ཅན་མི་སྣར་དོན་དངོས་སྒྲུབ་ཞིང་བདེ་སྐྱིད་འཆར་འགོད་བྱས། ཟླ་ལྔ་པའི་ཟླ་མཇུག་བར་དུ། དབང་བོ་སྐྱོན་ཅན་གྱི་ཁ་གསབ་སྣ་གཉིས་ལས་མ་དངུལ་སྒོར་བྱེ་བ་དྲུག་ས་ཡ་གཉིས་འབུམ་ལྔ་ཁྲི་ལྔ་དང་སུམ་སྟོང་བརྒྱད་བརྒྱ་གཏོང་སྤྲོད་བྱས་ཤིང་། དེའི་ཁྲོད་མི་ཐེངས་འབུམ་གསུམ་དང་ཁྲི་བཞི་ལ་ འཚོ་བའི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བདུན་འབུམ་བཞི་ཁྲི་གསུམ་དང་བཞི་སྟོང་བཞི་བརྒྱ་བྱིན། མི་ཐེངས་འབུམ་གསུམ་ཁྲི་ལྔ་དང་སྟོང་གཅིག་ལ་བདག་སྐྱོང་ཁ་གསབ་དངུལ་སྒོར་བྱེ་བ་གསུམ་ས་ཡ་ལྔ་འབུམ་གཅིག་ཁྲི་གཅིག་དང་སྟོང་དགུ་བཞི་བརྒྱ་བྱིན།
དེ་ལས་གཞན། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་ནས་དབང་བོ་སྐྱོན་ཅན་ལས་ཞུགས་བྱེད་པའི་སྲིད་ཇུས་དྲིལ་སྒྲོག་བྱ་བ་དང་། ལས་ཞུགས་རོགས་སྒྲུབ་དང་ལས་ཞུགས་ལས་བསྡུ་སོགས་ཀྱི་བྱ་འགུལ་ཧུར་ཐག་གིས་སྤེལ། 2024ལོའི་ལོ་མཇུག་གི་སྡུར་ཚད་བཀོད་སྒྲིག་ལྟར་དབང་བོ་སྐྱོན་ཅན་ལས་ཞུགས་ཀྱི་ལོ་བཤེར་བཀོད་སྒྲིག་ལ་དམིགས་ཏེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཐུན་སྦྱོར་བྱས་ནས་ཆ་རྐྱེན་དང་འཚམ་པའི་རོང་འབྲོག་ཁུལ་གྱི་དབང་བོ་སྐྱོན་ཅན་ལས་ཞུགས་ལས་ཁུངས་ལ་རོགས་སྐྱོར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་བྱེད་པའི་ལས་ཞུགས་རྟེན་གཞི་གསེད་དཀོལ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་ལས་རིགས་གསོ་སྦྱོང་དང་ལས་གཏོད་གསོ་སྐྱོང་རྟེན་གཞིའི་དཀར་ཆག་དང་ལས་རིགས་རྩལ་ནུས་གསོ་སྦྱོང་གི་མཛུབ་སྟོན་དཀར་ཆག་ཡོངས་བསྒྲགས་བྱེད་པའི་བརྡ་སྦྱོར་དཔར་ནས་བཀྲམ་སྟེ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་གསོ་སྦྱོང་བྱ་བར་ལས་ཁུངས་འགན་སྲུང་གི་རྨང་རྐང་བསྐྲུན་པ་དང་། ཞབས་ཞུའི་ནུས་ཚད་སྔར་ལས་ཇེ་མཐོ་བཏང་ཞིང་། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཡོང་འཕར་ལ་སྐུལ་འདེད་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།