ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་འཕྲེད་ཀྱིས་གཅོད་པའི་ཚད་མཐའི་འགྲན་སྡུར་སྐབས་བཅོ་བརྒྱད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ནས་མགོ་བརྩམས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་པ 101གིས་ཕྱི་དྲོའི་དུས་ཚོད4སྟེང་དངོས་སུ་འགྲན་སྡུར་བྱས།
རྨ་ཆེན་ས་ཚིགས་ཀྱི་འགྲན་སྡུར་དེ་འགྲན་ཞུགས་པའི་ལོ་ཚད་ལྟར་སྐྱེས་པ་དང་། བུད་མེད་བཅས་བསྡོམས་པས་ཚོ་ཆུང6བཙུགས་ཡོད་པ་དང་། གྲ་སྒྲིག་འགྲན་བསྡུར་བྱེད་སྐབས་ཀྱི་ཆུའི་དྲོད་གྲང་ཏུའུ12.9ཡིན་ཞིང་། ཆེས་ཆེ་བའི་ཆུ་རྒྱུན་གྱི་མྱུར་ཚད་ནི་སྐར་ཆ་གཅིག་གི་ནང་མུས2.62ཡིན་ལ། འགྲན་ཞུགས་པས་ཛ་དྲག་གི་འགྲན་སྡུར་བརྒྱུད་དེ་ར་རྒྱ་དུམ་མཚམས་ཀྱི་མུས500ཡི་འགྲན་རིམ་ཡོངས་འགྲུབ་བྱས།
ད་ལོ་ནི་ར་རྒྱ་གྲོང་རྡལ་གྱིས་འགྲན་སྡུར་དེ་འགན་སྒྲུབ་བྱས་པའི་ལོ་གསུམ་པ་ཡིན་པ་དང་། དེ་དང་ཆབས་ཅིག ར་རྒྱ་དུམ་མཚམས་ཀྱི་འགྲན་སྡུར་དེ་ཡང་འགྲན་སྡུར་ཧྲིལ་པོའི་ནང་གི་ཆེས་འགྲན་རྩོད་རང་བཞིན་ལྡན་པ་དང་དཀའ་ཚེགས་ཆེས་ཆེ་བའི་ས་ཚིགས་ཤིག་རེད། སྤྱིའི་ཤན་འབྱེད་པ་ཀྲིག་ཡུས་ཁྲིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ར་རྒྱ་དུམ་མཚམས་ཀྱི་མཚོ་འཕང་ལ་མུས་སྟོང་གསུམ་དང་བརྒྱ་ཡོད་པ་དང་། ཆུའི་དྲོད་ཚད་དམའ་བའི་ཁར། ཆར་བབས་པའི་དབང་གིས་ཆུ་རྒྱུན་ཇེ་དྲག་ཏུ་སོང་བས། རྨ་ཆུར་འགྲན་རྩོད་བྱེད་པའི་དཀའ་ངལ་ཇེ་ཆེར་སོང་ཡོད་ལ། མཚོ་འཕང་མཐོ་བས་རུ་མིའི་ལུས་ཕུང་དང་སེམས་ཁམས་ལ་རེ་བ་སྔར་ལས་ཆེན་པོ་བཏོན་ཡོད། དེ་བས་འགྲན་རིམ་དེ་ནི་རྨ་ཆུ་འཕྲད་ཀྱིས་གཅོད་པའི་ཚད་མཐའི་འགྲན་སྡུར་ཁྲོད་མཚོ་འཕང་ཆེས་མཐོ་བ་དང་དཀའ་ངལ་ཆེས་ཆེ་བའི་འགྲན་རིམ་ཞིག་ཡིན་ཞིང་། འཛམ་གླིང་དུ་ཡོངས་བསྒྲགས་བྱས་པའི་ཆུ་ཁོངས་རྐྱལ་རྩལ་འགྲན་བསྡུར་ཁྲོད་ཀྱི་ཨང་དང་པོའི་འགྲན་སྡུར་བར་མཚམས་ཞིག་ཀྱང་རེད། འགྲན་བསྡུར་དེ་མཚོ་འཕང་ལ་མུས1800ཡོད་པའི་ཞོང་ཧྭ་ཡི་དུམ་མཚམས་དང་། མཚོ་འཕང་ལ་མུས2200ཡོད་པའི་ཁྲི་ཀའི་དུམ་མཚམས། དེ་ནས་མིག་སྔར་གྱི་མཚོ་འཕང་མུས3100ཡོད་པའི་ར་རྒྱ་དུམ་མཚམས་བཅས་ཡིན་ཞིང་། སྐས་རིམ་ལྟར་འཕར་བ་དེ་ནི་འགྲན་ཞུགས་རུ་མི་རྣམས་རིམ་བཞིན་མཚོ་འཕང་མཐོ་སར་འཚམ་པོ་ཡོང་བའི་ཆེད་ཡིན་པར་མ་ཟད། བདེ་འཇགས་ལ་ཁག་ཐེག་བྱེད་པའི་གནས་ཚུལ་འོག་ཆེས་བཟང་བའི་རྣམ་པས་ཆེས་དཀའ་ཁག་ཆེ་བའི་འགྲན་རྩོད་ཡོངས་འགྲུབ་བྱེད་པ་ཞིག་ཡིན་ཟེར།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རྨ་ཆེན་རྫོང་གིས་ཁྱད་ཆོས་ལྡན་པའི་ལུས་རྩལ་དང་རིག་གནས། ཐོན་ལས་བཅས་ཧུར་ཐག་གིས་སྐྱེད་བསྲིང་བྱས་ནས་ལུས་རྩལ་དང་སྐྱེ་ཁམས། ཡུལ་སྐོར། རིག་གནས་བཅས་དང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རིག་གནས་ཡུལ་སྐོར་ཐོན་ལས་གསོ་སྐྱོང་དང་མཐོར་འདེགས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་པ་དང་། 2014ལོ་ནས2019ལོའི་བར་ཨ་མྱེས་རྨ་ཆེན་རྒྱལ་སྤྱིའི་རྐང་ཐང་འགྲན་སྡུར་བདེ་བླག་ངང་སྤེལ་ཞིང་། ད་ལོ་ནི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་འཕྲེད་ཀྱིས་གཅོད་པའི་ཚད་མཐའི་འགྲན་སྡུར་བསྟུད་མར་སྤེལ་བའི་ལོ་གསུམ་པ་ཡིན། འདི་དག་ཚང་མ་ནི་རྨ་ཆེན་རྫོང་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་གྱི་ཁྱོན་ཡོངས་ཁྲོད་ཞུགས་པ་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བདེན་དཔང་ཆེས་ཡག་ཤོས་ཤིག་རེད།
ཚེ་རིང་སྒྲོལ་མས་བསྒྱུར།