མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་འགོག་ཟོན་བྱ་བར་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་སྐུལ་འདེད་བཏང་།
2024.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ7པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་གནོད་སྐྱོབ་གནོད་འགོག་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་འགོག་ཟོན་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་འགོག་ཟོན་བྱ་བའི་བརྙན་རིས་གྲོས་ཚོགས་དང་གློག་སྒུལ་ལྕགས་རྟའི་བདེ་འཇགས་ཉེན་ཁའི་ཕྲེང་འབྲེལ་ཧྲིལ་བོའི་བཅོས་སྐྱོང་འགུལ་སྐྱོད་ཀྱི་བཀོད་གཏོང་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཞོད་འགོག་ཐན་སེལ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་རྒྱས་པའི་དུས་སྐབས་དང་དབྱར་གནང་སྐབས། བདེ་འཇགས་འགོག་ཟོན་བཅས་ཀྱི་བྱ་བ་གཙོ་བོར་བཀོད་གཏོང་བཀོད་སྒྲིག་བྱས།

ད་ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་བྱུང་བའི་ཚད་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས། རྨས་ཕོག་པའི་མི་གྲངས་བཅས་དུས་མཉམ་དང་བསྡུར་ན་ཇེ་ཉུང་དུ་སོང་བ་དང། གནས་བབ་སྤྱི་ཁོག་ནས་བརྟན་བརླིང་ཡིན་ན་ཡང་། ས་ཁུལ་དང་སྡེ་ཁག ཁེ་ལས་ཁ་ཤས་ཀྱི་བདེ་འཇགས་འགོག་ཟོན་བྱ་བའི་ཐད་ནས་ད་དུང་ཞན་ཆ་དང་མི་འདང་ས་ཡོད། མིག་སྔར། མཚོ་སྔོན་ལས་གཞི་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་དང་གནས་སྐོར་གྱི་དུས་སྐབས་གལ་ཆེན་དུ་སླེབས་པ་དང་། ཞོད་འགོག་གི་གནད་འགག་དུས་སྐབས་སུ་ཡང་སླེབས་ཡོད་པས། བདེ་འཇགས་འགོག་ཟོན་གྱི་གནས་བབ་ཧ་ཅང་ཛ་དྲག་ཡིན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་གྱི་རིགས་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་ཧ་ཅང་བྲེལ་མྱུར་ཆེ་བ་དང་། བདེ་འཇགས་འགོག་ཟོན་གྱི་གནོན་ཤུགས་ཇེ་ཆེར་སོང་བས། ཉེན་ཁའི་འདུ་ཤེས་དང་ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། ཞོད་འགོག་ཐན་སེལ་གྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། ཞིང་ཆེན་ཕྱི་ནང་གི་རི་ཉིལ་བའི་གནོད་འཚེ་བའི་བསླབ་བྱ་བསྡུ་ལེན་བྱེད་པ་དང་། ཞོད་འགོག་གནོད་སྐྱོབ་དང་རང་བྱུང་གནོད་འཚེ་འགོག་ཟོན་སོགས་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། ཤོག་ལྷེ་གཅིག་གི་སྔོན་བཀོད་ཇུས་གཞི་དང་གནོད་འགོག་ཉེན་གཡོལ་བྱང་བུ་སྤྱད་དེ་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཡུལ་ཚོ་དང་གྲོང་རྡལ། སྡེ་བའི་ཞོད་འགོག་གནོད་སྐྱོབ་འཕྲལ་བསྟུན་འཁྲབ་སྦྱོང་སྤེལ་བ་དང་། འཕྲལ་བསྟུན་དང་ལེན་རྐྱེན་སྲོལ་ལག་བསྟར་ནན་མོ་བྱེད་དགོས། དེ་དང་མཉམ་དུ། ལས་རེས་ལས་སྲུང་དང་འཕྲལ་བསྟུན་ལས་རེས་ལ་ཤུགས་སྣོན་པ་དང་། ཆ་འཕྲིན་བརྒྱུད་སྐྱེལ་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ཆར་བ་འབབ་པ་དང་ཆུ་རྒྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ། དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་བསྒྲགས་ནས། སྔོན་དཔག་སྔོན་འགོག་གི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། མཉམ་ལས་གྲོས་མོལ་གྱི་ཞིབ་འཇུག་བརྡར་གཅོད་རྐྱེན་སྲོལ་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་ཞོད་འགོག་ཉེན་སེལ་ཀྱི་དངོས་ཟོག་ཁ་གསབ་བརྗེ་སྤོར་དང་གྲ་སྒྲིག་བཟང་བོ་བྱས་ཏེ། དུས་ནམ་ཡང་འཕྲལ་བསྟུན་ཉེན་སེལ་གྱི་གྲ་སྒྲིག་བཟང་བོར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།