ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་སྟེ། ཟླ7པའི་ཚེས8ནས་ཚེས9ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ལ་སོང་ནས་ཁྲིམས་བསྟར་ཞིབ་བཤེར་བྱས།
ཞིབ་བཤེར་ཚན་ཆུང་དེ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་དང་། ལཱི་ཏུའུ་ཆུས། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་བཅས་ལ་སོང་སྟེ། ཡུལ་དངོས་ནས་མཚོ་སྔོན་ཞིང་ཆེན་གྱི་འདེབས་འཛུགས་ལས་རིགས་ཚན་རྩལ་གླིང་ཁུལ་དང་། སོན་བཟང་འདེབས་འཛུགས་རྟེན་གཞི། སྐེ་ཚེའི་འདེབས་འཛུགས་རྟེན་གཞི། མཚོ་ཤར་ཁའེ་རོས་སྐྱེ་ཁམས་ཚན་རྩལ་ཚད་ཡོད་ཀུང་ཟི། རྨ་ཆུའི་ཚོན་ལྡན་ར་བ་དེ་མཐོ་སྒང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་བཅས་ལ་ལྟ་ཞིབ་བྱས་ཤིང་། ཡུལ་དངོས་འདྲི་རྩད་དང་རྒྱུ་ཆ་འཚོལ་ཀློག་སོགས་ཀྱི་ཐབས་ལམ་བརྒྱུད་དེ། འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ་དང་། གསོ་འདེབས་རྟེན་གཞི་འཛུགས་སྐྲུན། འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད། ས་བོན་རིགས་གསར་བ་གསོ་སྐྱོང་། གྲུབ་འབྲས་ཚུལ་སྒྱུར་དང་ཁྱབ་གདལ་གཏོང་བ། ས་བོན་ཐོན་སྐྱེད་དང་ཚོང་གཉེར་བྱེད་པ། ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ནང་དོན་གཙོ་བོར་གཞིགས་ཤིང་། གཞི་རིམ་ལས་བྱེད་མང་ཚོགས་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་ཟབ་མོ་བྱས་ཏེ། ས་བོན་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།
ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། བསམ་བློའི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་ཐབས་ལམ་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ལ། མགྱོགས་མྱུར་ངང་སོན་བཟང་གསོ་སྤེལ་དང་ཁྱབ་གདལ་གཏོང་བ་དང་། འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། ས་བོན་ཁེ་ལས་རྒྱ་སྐྱེད་པ་དང་། སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཁེ་དབང་འབྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ས་བོན་ཁེ་ལས་ཀྱི་རང་སྟོབས་རང་སྤེལ་ཀྱི་གསོན་ཤུགས་སྐུལ་སྤེལ་སོགས་ཀྱི་ཐབས་ལམ་ནུས་ལྡན་དང་དངོས་ཡོད་བྱེད་ཐབས་བརྒྱུད་དེ། ཁྲིམས་ལྟར་ས་བོན་འདེབས་འཛུགས་བྱེད་པ་དང་ཁྲིམས་ལྟར་ས་བོན་གསོ་སྤེལ་བྱེད་པའི་ཆུ་ཚད་རྒྱུན་མཐུད་སྒོས་མཐོར་འདེགས་གཏོང་བ་དང་། བྱང་ཕྱོགས་མཐོ་སྒང་གི་སོན་བཟང་གསོ་སྤེལ་བྱེད་པའི་རྨང་གཞི་སྲ་བརྟན་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་རོགས་ཤུགས་འདོན་དགོས།
ལྷ་མོ་འཚོས་བསྒྱུར།