ཟླ7པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞིའི་མ་དངུལ་བགོ་བཤའ་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་བགོ་བཤའི་མ་དངུལ་གྱི་རྣམ་པ་འཚོལ་ཞིབ་ལག་བསྟར་བྱེད་པ། རྒྱུ་སྤུས་མཐོ་བའི་རྒན་གསོ་ཞབས་ཞུ་གཞིས་ཁུལ་འཕེལ་རྒྱས་དཔེ་སྟོན་དཔེ་གཞི་སྐོར་ཞིག་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་རིམ་པའི་རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་དྲུག་བཀོད་སྒྲིག་བྱས་ནས། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་མཉམ་འབྲེལ་བྱས་ནས་རྒྱུ་སྤུས་མཐོ་བའི་རྒན་གསོ་ཞབས་ཞུ་གཞིས་ཁུལ་ལས་གཞི་འཆར་འགོད་བྱས་པ་དང་། ཁྱབ་གདལ་བཏང་ཆོག་པ་དང་རྒྱུན་མཐུད་པའི་རྒན་གསོ་ཞབས་ཞུའི་ཕན་ལྡན་མ་དཔེ་གྲུབ་པར་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་མཐོ་ཡིན་པའི་རྒས་ན་གཉོར་སྐྱོང་བྱེད་མཁན་ཡོད་པའི་རེ་འདུན་ལ་རྐང་བཙུགས་ནས། ད་ལོར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་ཀྱི་རྣམ་པ་བརྒྱུད་དེ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དང་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སོགས་རྫོང་བཅུ་གཉིས་བདམས་ནས་རྒན་གསོ་ཞབས་ཞུའི་རྒྱུ་སྤུས་མཐོ་བའི་ལས་གཞི་ལག་བསྟར་བྱེད་པ་དང་། རྫོང་རེ་རེའི་ཁ་གསབ་དངུལ་སྒོར་ས་ཡ་བརྒྱད་བཀོད་སྒྲིག་བྱས་ཏེ། གཙོ་བོར་རྒན་གསོ་ཞབས་ཞུ་ལྟེ་གནས་དང་རྒན་པའི་བྱ་འགུལ་ལྟེ་གནས། ཉིན་དཀར་གཟིགས་སྐྱོང་ལྟེ་གནས། རྒན་གསོ་ཁང་སོགས་རྒན་པའི་ཕན་བདེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་། ས་ཆ་སོ་སོའི་རྒན་གསོ་ཞབས་ཞུ་ལས་ཁུངས་དང་རྒན་པའི་བདེ་སྐྱིད་ཟ་ཁང་ཞིག་གསོ་བསྒྱུར་བཀོད། སྒྲིག་ཆས་བརྗེ་སྤོར། གཞིས་ཁུལ་གྱི་སྨན་བཅོས་རྒན་གསོ་ཟུང་འབྲེལ། རྒན་འཚམ་ཅན་གྱི་བསྒྱུར་བཀོད། ཟུར་རོགས་ཡོ་ཆས་གླས་པ། མཐོ་སྒང་གི་དབྱང་འདོན་སྒྲིག་ཆས་སོགས་ཕྱོགས་ཀྱི་ལས་གཞི་ཐད་འགན་སྲུང་བྱེད་རྒྱུ་ཡིན་པ་དང་། དེའི་དམིགས་འབེན་ནི་ལས་གཞིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་བརྒྱུད་དེ། ཆེད་ལས་ཀྱི་སྤུས་ལེགས་ཐོན་ཁུངས་མང་པོ་ཁྱིམ་སྡོད་གཞིས་ཁུལ་རྒན་གསོ་ཞབས་ཞུའི་ཐད་བཀོལ་པར་སྣེ་ཁྲིད་བྱེད་པ་དང་། སྒྲིག་ཆས་འཛུགས་སྐྲུན་དང་ལས་ཁུངས་འཛུགས་སྐྲུན། འཇོན་མི་སྐྱེད་སྲིང། ཞབས་ཞུ་གསར་གཏོད་སོགས་ཕྱོགས་ནས་འཚོལ་ཞིབ་བྱེད་པར་སྐུལ་སློང་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཁྱིམ་སྡོད་གཞིས་ཁུལ་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལམ་ལུགས་དང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།