རང་ཞིང་གིས་རིག་གནས་སྲུང་སྐྱོབ་རྒྱུད་འཛིན་དང་བེད་སྤྱོད་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས།
2024.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུད་འཛིན་ལེགས་པོ་བྱེད་རྒྱུ་དེ་ལོ་རྒྱུས་དང་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་ཀྱི་མ་དངུལ་དང་ལས་གཞིའི་རྒྱབ་སྐྱོར་བརྩོན་ལེན་བྱས་པའི་འོག རང་ཞིང་གི་རིག་གནས་སྲུང་སྐྱོབ་རྒྱུད་འཛིན་དང་བེད་སྤྱོད་བྱེད་པའི་བྱ་བཞག་མུ་མཐུད་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྲུང་སྐྱོབ་དང་པོར་འཇོག་པ་དང་རྒྱུད་འཛིན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། མཐོ་རིམ་ཇུས་འགོད་ལ་ཤུགས་བསྣན་པ་དང་། མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ལ། སྤུས་ཚད་མཐོ་བའི་སྒོ་ནས་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུད་འཛིན་དང་བེད་སྤྱོད་བྱེད་པའི་རྣམ་པ་གསར་བ་བསྐྲུན་ནས། རིག་གནས་ཤུལ་བཞག་འགུལ་རྣམ་རྒྱུད་འཛིན་དང་བེད་སྤྱོད་གང་ལེགས་བྱེད་པར་སྐུལ་འདེད་བཏང་སྟེ། མིག་སྔར་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་ལས་གཞི་བཅུ་བཞི་དང་རིག་དངོས་སྲུང་སྐྱོབ་ལས་གཞི་བདུན་ལག་བསྟར་བྱས་ཡོད།

རྒྱུས་ལོན་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་རིམ་སྔོན་མའི་གྲོན་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་བཀོད་སྒྲིག་བྱས་ནས། ལྕགས་རི་རིང་པོ་དང་། དམར་དམག་རྒྱང་སྐྱོད། རྨ་ཆུ། འབྲི་ཆུ་བཅས་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་འཆར་འགོད་ལ་རྒྱབ་སྐྱོར་བྱས་ཏེ། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པའི་འགན་སྲུང་ཇེ་དྲག་ཏུ་བཏང་ཡོད། མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པའི་འཆར་འགོད་འགྲེམ་སྤེལ་བྱས་ཤིང་། རྨ་ཆུའི་རིག་གནས་ཤུལ་བཞག་ཐོན་ཁུངས་ལ་ཞིབ་བཤེར་བྱེད་པ་དང་རྨ་ཆུའི་རིག་དངོས་གཙོ་བོ་ཞིག་གསོ་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཏེ། རྨ་ཆུའི་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་ཚུར་སྒྱུར་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས། མ་ལག་རང་བཞིན་གྱི་སྲུང་སྐྱོབ་བཅས་ལ་སྐུལ་འདེད་བཏང་། དེ་དང་མཉམ་དུ། རིག་གནས་སྲུང་སྐྱོབ་རྒྱུད་འཛིན་དང་བེད་སྤྱོད་བྱེད་པའི་ལས་གཞི་ལག་བསྟར་བྱས་ནས། མིག་སྔར་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་ལས་གཞི་བཅུ་བཞི་ལག་བསྟར་བྱས་པ་དང་། ཚད་གཞི་མཐོན་པོས་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་ཡུལ་སྐོར་བའི་གསང་སྤྱོད་ཁང་། སྐྱེ་ཁམས་རླངས་འཁོར་འཇོག་ས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ལ། ཁོར་ཡུག་ལེགས་སྒྱུར་གཙོ་བོ་བཟུང་བ་དང་། རིག་གནས་ཀྱི་སྙིང་བོ་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་གཙོ་བོའི་འདྲེན་འགུག་ནུས་པ་ཇེ་ཆེ་དང་ཤུགས་རྐྱེན་ཐེབས་ཚད་ཇེ་དྲག་ཏུ་བཏང་། རིག་དངོས་གཙོ་བོ་སྲུང་སྐྱོབ་དང་གནའ་རྫས་དཔྱད་ཞིབ་ཀྱི་འགག་རྩའི་ཁྱབ་ཁོངས་སྔོག་འདོན་བྱེད་པ་གཙོ་བོར་བཟུང་སྟེ། ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་དངོས་འབེབས་བྱས་པ་དང་། རིག་དངོས་སྲུང་སྐྱོབ་ལས་གཞི་བདུན་ལག་བསྟར་བྱས་ནས། སྲུང་སྐྱོབ་དོ་དམ་དང་། འགྲེམ་སྟོན་བེད་སྤྱོད། སྡེབ་སྒྲིག་ཞབས་ཞུའི་སྒྲིག་བཀོད་བཅས་འཐུས་ཚང་དུ་བཏང་ལ། གནའ་ཤུལ་གཙོ་བོའི་གནའ་རྫས་དཔྱད་ཞིབ་ནུས་པ་མཐོར་འདེགས་བཏང་ཞིང་སྒྲིག་བཀོད་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། གནའ་རྫས་དཔྱད་ཞིབ་ཀྱི་མ་དཔེ་བསྡུ་གསོག་དང་ཉམས་གསོ། ཞིབ་འཇུག་སོགས་ཀྱི་བྱེད་ནུས་མང་པོ་མཁོ་འདོན་བྱས་ནས། རིག་དངོས་སྲུང་སྐྱོབ་ནུས་པ་རྒྱུན་མཐུད་སྒོས་མཐོར་འདེགས་བཏང་སྟེ་རིག་གནས་ཞིབ་འཇུག་འགྲེལ་བཤད་དང་འགྲེམ་སྟོན་བརྒྱུད་སྒྲོག་ཆུ་ཚད་ཇེ་མཐོར་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྲུང་སྐྱོབ་དང་བེད་སྤྱོད། འཕེལ་རྒྱས། གསར་སྤེལ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཀྲུང་དབྱང་གི་ཆེད་དོན་མ་དངུལ་འབད་པས་བརྩོན་ལེན་བྱེད་པ་དང་། མ་ལག་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་ཅིང་། རིག་གནས་ཤུལ་བཞག་གི་འགུལ་རྣམ་རྒྱུད་འཛིན་དང་བེད་སྤྱོད་གང་ལེགས་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་དཔལ་ཡོན་བརྒྱུད་སྒྲོག་འགྲེམ་སྟོན་བྱེད་པའི་མཚོ་སྔོན་གྱི་སྒེའུ་ཁུང་བསྐྲུན་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།