ཟླ7པའི་ཚེས15ཉིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རང་ཞིང་གི་དར་ལག་རྫོང་དང་མདའ་བཞི་རྫོང་གཉིས་ཉེ་ལམ་རྒྱལ་ཁབ་ཀྱི་རྩྭ་སའི་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་ཚོད་ལྟའི་རྫོང་གི་ཁྲོད་ཚུད། ལས་གཞི་དེ་ལག་བསྟར་བྱེད་པའི་དུས་ཡུན་ལོ་བཞི་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་ཞིང་སྡེ་པུའུ་ཡིས2022ལོར་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཁྲོད་ཚུད་ལས་གཞི་རྫོང་ལ་ལོ་རེར་ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་ཁ་གསབ་སྒོར་བྱེ་བ་བཞི་བཀོད་སྒྲིག་བྱེད་རྒྱུ་ཡིན་ལ། ཐོན་མཐོ་ཐོན་བརྟན་གྱི་གཟན་རྩྭའི་རྟེན་གཞི་དང་དེང་རབས་ཅན་གྱི་རྩྭ་ཐང་གི་སྐྱེ་ཁམས་ཕྱུགས་ར་དང་ཡང་ན་ཚད་གཞི་ཅན་གྱི་གཞི་ཁྱོན་གསོ་སྤེལ་ར་བ། སྤུས་ལེགས་ཕྱུགས་རིགས་རྒྱུད་སྤེལ་དང་གཟན་རྩྭའི་ས་བོན་གསོ་སྤེལ་རྒྱ་སྐྱེད་རྟེན་གཞི། གནོད་འགོག་གནོད་སྐྱོབ་གཟན་རྩྭའི་ཉར་གསོག་སྐྱེལ་འདྲེན་མ་ལག་སོགས་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། རྩྭ་སའི་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
ཐེངས་འདིར་ཚོད་ལྟའི་རྫོང་གི་ཁྲོད་ཚུད་པའི་དར་ལག་རྫོང་གིས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཞན་ཆ་ཁ་གསབ་བྱེད་པ། ཚན་རྩལ་མཐོར་འདེགས་གཏོང་བ། ཕྲེང་འབྲེལ་རྒྱུན་བསྲིང་བྱེད་པར་བརྟེན་ནས་རྩྭ་སའི་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གཙོར་འཛིན་པའི་གནོད་སྐྱོབ་གནོད་འགོག་ཕྱུགས་ལས་ཀྱི་དར་ལག་གི་ཉམས་མྱོང་འཚོལ་ཞིབ་བྱས། མདའ་བཞི་རྫོང་གིས་གཟན་ཆས་མཁོ་འདོན་ཕྲེང་འབྲེལ་ཆ་ཚང་བ་དང་ཁོངས་ཡོངས་ཐོན་ལས་ཕྲེང་འབྲེལ་འཐུས་ཚང་དུ་གཏོང་བ། ཐོན་སྐྱེད་ལག་རྩལ་ཕྲེང་འབྲེལ་གྱི་ཕན་འབྲས་མཐོར་འདེགས་གཏོང་བ། ཐོན་རྫས་ཀྱི་རིན་ཐང་ཕྲེང་འབྲེལ་མཐོར་འདེགས་གཏོང་བའི་དེང་རབས་ཞིང་ལས་མ་ལག་འཛུགས་པ་རྒྱུན་འཁྱོངས་བྱས་པ་དང་། གྲང་ངར་ཆེ་བའི་འབྲོག་ཁུལ་གྱི་རྩྭ་ཕྱུགས་སྤུས་ཚད་མཐོ་བའི་ངང་དོ་སྙོམས་དཔེ་མཚོན་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་མདའ་བཞིའི་མ་དཔེ་འཚོལ་ཞིབ་བྱས།
2022ལོར། རང་ཞིང་གི་གུང་ཧོ་དང་རྩེ་ཁོག་རྫོང་གཉིས་རྒྱལ་ཡོངས་ཀྱི་རྩྭ་སའི་ཕྱུགས་ལས་ཚུལ་སྒྱུར་རིམ་སྤོར་ཚོད་ལྟ་བྱེད་ས་འཛུགས་སྐྲུན་བྱེད་པའི་ཁྲོད་ཚུད། ལོ་གསུམ་རིང་གི་འཚོལ་ཞིབ་བརྒྱུད་དེ། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཁོར་རྒྱུག་འཕེལ་རྒྱས་ཀྱི་བདུན་སྣོན་ལྔའི་མ་དཔེ་དང་མཉམ་ལས་ཁང་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ། ཐོན་ལས་ཕྲེང་འབྲེལ་རྒྱུན་བསྲིང་མཉམ་བསྲེས་ངང་འཕེལ་རྒྱས་སུ་གཏོང་བ་ནང་དོན་དུ་བྱས་པའི་རྩེ་ཁོག་གི་མ་དཔེ་སྤྱི་སྡོམ་བྱས་པ་དང་། རང་ཞིང་གི་རྩྭ་སའི་ཕྱུགས་ལས་དང་རྩྭ་སའི་སྐྱེ་ཁམས་མཐུན་སྦྱོར་འཕེལ་རྒྱས་དང་འཚམ་པའི་བསྐྱར་བཀོལ་ཁྱབ་གདལ་བཏང་ཆོག་པའི་དཔེ་མཚོན་ཉམས་མྱོང་གྲུབ་པར་བྱས་ལ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་ཐད་ཕན་ནུས་དང་ལྡན་པའི་ལམ་བུ་གསར་བ་བཏོད།
རིན་ཆེན་མཚོས་བསྒྱུར།