2024ལོའི་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲིད་འཛིན་ཆད་གཅོད་ཀྱི་རང་དབང་ཁྲུན་གཅོད་ཚད་གཞི་དངོས་སུ་ལག་བསྟར་བྱས།
2024.07.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་ཞིབ་འཇུག་བྱས་ནས་གཏན་འབེབས་བཟོས་པའི2024ལོའི་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲིད་འཛིན་ཆད་གཅོད་ཀྱི་རང་དབང་ཁྲུན་གཅོད་ཚད་གཞི་དངོས་སུ་ལག་བསྟར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲིད་འཛིན་ཆད་གཅོད་ཀྱི་རང་དབང་ཁྲུན་གཅོད་ལ་གཞི་འཛིན་ས་མེད་པའི་སྟོང་ཆ་ཁ་གསབ་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆད་གཅོད་ཀྱི་རང་དབང་ཁྲུན་གཅོད་དབང་ཆ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། རིམ་པ་སོ་སོའི་འཕྲལ་བསྟུན་དོ་དམ་སྡེ་ཁག་གི་ཁྲིམས་བསྟར་གྱོད་བསྒྲུབ་ཁྲུན་གཅོད་ཀྱི་ཚད་གཞི་གཅིག་གྱུར་མིན་ལ། གྱོད་གཞི་གཅིག་འདྲ་ཡིན་རུང་ཆད་པ་གཅོད་སྟངས་མི་འདྲ་བའི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་པ། དོན་དག་གཅིག་འདྲ་ཡིན་ཞིང་གནས་ཚུལ་གཅིག་པའི་ཁྲུན་གཅོད་ཚད་གཞི་འདྲ་བ་དང་ཆད་གཅོད་ཚད་གཞི་གཅིག་འདྲ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་། དབང་གྲགས་ལྡན་པ། གཅིག་གྱུར་ཡིན་ལ། ཚད་ལྡན་ཡིན་པའི་རང་དབང་ཁྲུན་གཅོད་མ་ལག་འཛུགས་པ། ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་ཅིང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་ཆེད་དུ། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས2024ལོའི་ཁྲུན་གཅོད་ཚད་གཞི་ཞིབ་འཇུག་བྱས་ནས་གཏན་འབེབས་བཟོས།

2024ལོའི་ཁྲུན་གཅོད་ཚད་གཞི་དེ་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་གཞི་འཛིན་ས་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་སྲིད་འཛིན་ཁྲུན་གཅོད་དབང་ཆའི་ཚད་གཞི་གཏན་འབེབས་བཟོ་བ་དང་དོ་དམ་བྱ་བའི་བསམ་འཆར་དང་། འཕྲལ་བསྟུན་དོ་དམ་པུའུ་ཡི་འཕྲལ་བསྟུན་དོ་དམ་སྲིད་འཛིན་ཁྲུན་གཅོད་དབང་ཆའི་ཚད་གཞི་གནས་སྐབས་སུ་ལག་བསྟར་བྱེད་པའི་གཏན་འབེབས་གཉིས་ཀྱི་བླང་བྱ་ལྟར། ཞིང་ཆེན་གནས་ཚུལ་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་སོགས་ཁྲིམས་ལུགས་དང་། སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྡེ་ཁག་གི་སྒྲིག་སྲོལ་བཅས་ཁག་སོ་བཞིའི་གཏན་འབེབས་བྱས་པའི་སྲིད་འཛིན་ཆད་གཅོད་སྲོལ་ཡིག་དོན་ཚན་སུམ་བརྒྱ་ཞེ་བརྒྱད་སོ་སོར་རང་དབང་ཁྲུན་གཅོད་ཚད་གཞི་གཏན་འཁེལ་གསལ་བོ་བྱས་ཤིང་། གཙོ་བོ་ཁྲིམས་འགལ་བྱ་སྤྱོད་དང་། ཆད་གཅོད་ཀྱི་གཞི་འཛིན་ས། ཁྲུན་གཅོད་ཁྱབ་ཁོངས། ཁྲུན་གཅོད་ཚད་རིམ། ཁྲུན་གཅོད་དཔེ་གཞིའི་རྒྱུ་རྐྱེན་སོགས་ཕྱོགས་ལྔའི་ཐད་ཀྱི་སྲིད་འཛིན་ཆད་གཅོད་ཁྲུན་གཅོད་བྱ་བ་སྔར་ལས་འཐུས་ཚང་དུ་བཏང་།

2024ལོའི་ཁྲུན་གཅོད་ཚད་གཞི་ནི་མཚོ་སྔོན་ཞིང་ཆེན་གྱིས་ཐོག་དང་པོར་སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་རྣམ་པས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་སྲིད་འཛིན་ཆད་གཅོད་ཀྱི་ཁྲུན་གཅོད་ཚད་གཞི་ཚད་ལྡན་ཅན་དུ་བཏང་བ་ཡིན་ལ། སྲིད་འཛིན་ཆད་གཅོད་ཁྲུན་གཅོད་དབང་ཆ་ཚད་ལྡན་དུ་གཏོང་བ་དང་། གཞི་རིམ་ཁྲིམས་བསྟར་མི་སྣས་ཚད་ལྡན་དང་འདྲ་མཉམ་སྒོས་ཁྲིམས་བསྟར་བྱེད་པར་མཛུབ་སྟོན་བྱེད་པ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ཁྲིམས་བསྟར་ཚད་གཞི་ཅན་དང་།  ཚན་ལྡན་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ལ་འདྲ་མཉམ་དྲང་བཞག་གི་ལྟ་སྐུལ་དོ་དམ་དང་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། ཁྲིམས་མི་དང་རྩ་འཛུགས་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ནུས་ལྡན་བྱེད་པར་དོན་སྙིང་ངེས་ཅན་ལྡན།

ལྷ་མོ་འཚོས་བསྒྱུར།