ཟླ7པའི་ཚེས15ཉིན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་ལྔ་པའི་ཐད་ནས་བླངས་པའི་འབྲེལ་ཡོད་གྲུབ་འབྲས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས།
ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་ཚོགས་སྐབས་ཉེར་ལྔ་པས་སྤྱི་ཚོགས་ལས་རིགས་སོ་སོའི་དོ་སྣང་དང་རྒྱབ་སྐྱོར་འོག ཟི་ལིང་ནས་རྒྱལ་ཁའི་ངང་མཇུག་སྒྲིལ། ཐེངས་འདིའི་གྲོས་ཚོགས་ཐད་ནས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་གི་གོམ་སྟབས་བརྟན་པོ་མཚོན་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་བརྗེ་རེས་ལ་སྔར་ལས་སྐུལ་འདེད་བཏང་།
སྐབས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱིས་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་དུ་བྱས་པ་དང་། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ནས། རྒྱུན་འཁྱོངས་གསུམ་གྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཕན་ལྡན་དངོས་གཉེར་གྱི་དངུལ་གཏོང་ཉོ་ཚོང་བྱ་འགུལ་རབ་དང་རིམ་པ་བརྒྱུད་དེ། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་སྐྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་བཙུགས་པ་དང་། སྔོན་དཔག་གི་དམིགས་འབེན་ལས་བརྒལ་པ་མངོན་འགྱུར་བྱས།
ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་ཚད་གཞི་མཐོ་བའི་སྐུ་མགྲོན་མང་པོ་ཟབ་ཞུགས་བྱེད་པར་ནང་འགུག་བྱས་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ། རྒྱལ་སྤྱིའི་རྩ་འཛུགས། ཁེ་ལས་མིང་གྲགས་ཅན་དང་ཚོང་ལས་མཐུན་ཚོགས་བཅས་ནས་ཡོང་བའི་འཐུས་ཚབ་པ་སྟོང་དྲུག་དང་གོ་དྲུག་ལྷན་འཛོམས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ཇུས་ཆེན་བཀོད་པ་དང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཤན་ཤུགས་དང་མཚན་མིང་མཐོར་འདེགས་བཏང་།
མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་སུ། བསྡོམས་པས་ལས་གཞི་བརྒྱ་དང་བཞིས་གྲོས་མཐུན་བཀོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་གཅིག་དུང་ཕྱུར་དྲུག་བཏང་ལ། ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོར་ཁེབས་ཡོད། ལྷག་པར་དུ་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ནས། ལས་གཞི་ཉེར་ལྔའི་གྲོས་མཐུན་བཀོད་པ་དང་། གྲོས་བཀོད་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བརྒྱད་དུང་ཕྱུར་བརྒྱད་ལ་སླེབས་ལ། མཚོ་སྔོན་གྱིས་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ཀྱི་སྒུལ་ཤུགས་ཆེན་པོ་མངོན་པར་བྱས། དངུལ་གཏོང་གསལ་བཤད་གྲོས་ཚོགས་སོགས་ཀྱི་བྱ་འགུལ་བསྡུ་བ་བརྒྱུད་དེ། རྒྱལ་ཁབ་ཕྱི་ནང་གི་མིང་དུ་གྲགས་པའི་ཁེ་ལས་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལྟ་ཞིབ་བྱེད་པར་ནང་འགུག་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་གསོན་ཤུགས་གསར་བ་བསྣན།
སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས། ཐོག་མར་ཚོང་ར་ཅན་གྱི་འཁོར་རྒྱུག་ལག་བསྟར་བྱས་པ་དང་། ཆེད་ལས་འགྲེམ་སྟོན་ཀུང་ཟི་འགྲེམ་སྟོན་བསྒྲུབ་པའི་ཁྲོད་ཞུགས་པར་ནང་འགུག་བྱས་ལ། འགྲེམ་ཁུལ་གྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ་ཁྲི་ལྔ་ཡོད་པ་དང་། ཕྱོགས་ཡོངས་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས། འགྲེམ་ཁང་ནང་ལྗང་མདོག་རྩིས་ནུས་འགྲེམ་ཁུལ་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཁྱད་ལྡན་འགྲེམ་ཁུལ་སོགས་བཀོད་སྒྲིག་བྱས་ཡོད་པ་དང་། ཐེངས་འདིའི་འགྲེམ་ཚོགས་ཀྱི་ཁྱད་ཆོས་གྲས་ཀྱི་གཅིག་ཏུ་གྱུར། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱེད་པའི་འགྲེམ་སྟོན་རྣམ་པ་བརྒྱུད་དེ། ཚོང་རྫས་ཉོ་ཚོང་འཁོར་རྒྱུག་ལ་སྐུལ་འདེད་བཏང་བར་མ་ཟད། ད་དུང་ལྟད་མོ་བ་ཚོའི་ཟབ་ཞུགས་བྱེད་ཚད་དང་མྱོང་ཚོར་ཇེ་མཐོར་བཏང་།
མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་སུ། འཁྱག་གླིང་གཙོ་མགྲོན་རྒྱལ་ཁབ་ཏུ་བྱས་ནས་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་ཚབ་པས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས། དེ་ལས་གཞན། མཚོ་སྔོན་གྱིས་ད་དུང་ཅིར་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་དབྱི་སའེ་ཁི་ཧུའུ་མངའ་སྡེ་སོགས་སྤུན་ཟླ་ཞིང་ཆེན་དང་མངའ་སྡེ་བར་མཉམ་ལས་གྲོས་མཐུན་བཀོད་དེ། རྒྱལ་སྤྱིའི་མཉམ་ལས་བརྗེ་རེས་ཀྱི་གྲོགས་པའི་ཚོགས་པ་སྔར་ལས་རྒྱ་སྐྱེད་པ་དང་། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་ཀྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་བར་བརྗེ་རེས་དམ་ཟབ་བྱས་པ་བརྒྱུད་དེ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཅན་གྱི་ཆུ་ཚད་དང་ཤན་ཤུགས་མངོན་གསལ་སྒོས་ཇེ་མཐོར་བཏང་།
ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལ་སྨྱན་བྱད་མང་པོས་དོ་སྣང་ཐོབ་པ་དང་དྲིལ་སྒྲོག་བྱས་ལ། དྲ་ཐོག་ཡུལ་དངོས་ཀྱི་དྲིལ་སྒྲོག་བྱེད་ཚད་ཧ་ཅང་མཐོ། ཕྱོགས་ཡོངས་དང་ལངས་གཟུགས་ཅན་གྱི་དྲིལ་སྒྲོག་བརྒྱུད་དེ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་མཚན་མིང་དང་ཤན་ཤུགས་ཇེ་མཐོར་བཏང་བར་མ་ཟད། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐད་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན།
རིན་ཆེན་མཚོས་བསྒྱུར།