དབྱར་གནང་གི་གུང་གསེང་ལ་སླེབས་ཤིང་། ངེས་སྦྱོང་བསླབ་ཚན་མིན་པའི་སློབ་ཕྱིའི་གསབ་སྦྱོང་གི་ཚ་རླབས་འཕྱུར་གྱིན་འདུག རྒྱལ་ཁབ་ཀྱི་སློབ་མའི་ལས་བྱའི་གནོན་ཤུགས་དང་སློབ་ཕྱིའི་གསབ་སྦྱོང་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་གཏོང་བ་དང་། རྒྱུན་མཐུད་སྒོས་རིག་གནས་སྒྱུ་རྩལ་རིགས་དང་ཞིབ་སློབ་རིགས་ཀྱི་སློབ་ཕྱིའི་གསབ་སྦྱོང་བྱེད་སྟངས་ཚད་ལྡན་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཞིང་། དོ་དམ་ཞབས་ཞུ་ལེགས་པོར་སྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་རིག་གནས་སྒྱུ་རྩལ་རིགས་དང་ཞིབ་སློབ་རིགས་ཀྱི་སློབ་ཕྱིའི་གསབ་སྦྱོང་ཁྲོམ་ར་བརྟན་བརླིང་ཡོང་བ་དང་གོ་རིམ་ལྡན་པར་ཁག་ཐེག་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་བསྟར་མི་སྣ་མི་ཐེངས་སྟོང་གཅིག་དང་དྲུག་བརྒྱ་བརྒྱད་ཅུ་མངགས་གཏོང་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསབ་སྦྱོང་ལས་ཁུངས་གཉིས་བརྒྱ་བཅུ་དགུ་ལ་ཡུལ་དངོས་ཞིབ་བཤེར་བྱས་པ་དང་། དེའི་གནད་དོན་དང་མི་མངོན་པའི་ཉེན་ཁར་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་།
ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། དྲང་ཕྱོགས་ཁྲིད་སྟོན་ལ་ཤུགས་བསྣན་པ་དང་། རང་འགུལ་གྱིས་ཞབས་ཞུ་ལེགས་པོ་སྒྲུབ་ལ། སྔོན་ལ་ཆོག་མཆན་དཔང་ཡིག་ལེན་པ་དང་དེ་ནས་ཚོང་གཉེར་ལག་ཁྱེར་ལེན་པ་དང་། ས་གནས་རེ་རེར་ཞིབ་བཤེར་བྱེད་པའི་རྩ་དོན་ལྟར། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསབ་སྦྱོང་ལས་ཁུངས་བཀོད་སྒྲིག་གི་ཚད་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ཞིབ་སློབ་རིགས་ཀྱི་སློབ་ཕྱིའི་གསབ་སྦྱོང་ལས་ཁུངས་བཀོད་སྒྲིག་གི་ཚད་གཞི་སོགས་ཀྱི་ཡིག་ཆའི་བླང་བར་གཞིགས་ནས། འཛུལ་སྒོ་དམ་འཛིན་བྱས་པ་དང་། རྒྱུ་ཆ་དང་སྤུས་ཀ་སོགས་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་བྱ་བ་ནན་འཛིན་བྱས། མིག་སྔའི་བར་དུ། སྔ་ཕྱིར་སྐོར་ཐེངས་བཞི་ལ་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསབ་སྦྱོང་ལས་ཁུངས་སུམ་བརྒྱ་སོ་གསུམ་དང་ཞིབ་སློབ་རིགས་ཀྱི་སློབ་ཕྱིའི་གསབ་སྦྱོང་ལས་ཁུངས་བཞི་ལ་ཞིབ་བཤེར་ཆོག་མཆན་བཀོད།
མི་དམངས་འགོག་སྲུང་དང་། ལག་རྩལ་འགོག་སྲུང་། དངོས་པོའི་འགོག་སྲུང་བཅས་འགོག་སྲུང་གསུམ་ཟུང་འབྲེལ་བྱེད་པའི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་དང་ལས་རིགས་ཀྱིས་གསབ་སྦྱོང་ལས་ཁུངས་ལ་གཏན་འཁེལ་བྱས་པའི་མི་སྣའི་བདེ་འཇགས་དང་། དགེ་རྒན་ཐོན་ཁུངས་ཀྱི་བདེ་འཇགས། རྒྱུ་ནོར་བདེ་འཇགས། གནས་ཡུལ་གྱི་བདེ་འཇགས། གསབ་སྦྱོང་རྒྱུ་ཆའི་བདེ་འཇགས་སོགས་བདེ་འཇགས་ཉེན་ཁ་འགོག་ཟོན་བླང་བྱར་གཞིགས་ཏེ། ལས་ཁུངས་གཙོ་བོར་བདེ་འཇགས་སྐོར་བཤེར་དང་འདེམ་བཤེར་བྱས། དེ་དང་མཉམ་དུ། ཁྲིམས་འགལ་སྲོལ་འགལ་བྱ་སྤྱོད་ཀྱི་ཞུ་གཏུག་ཐག་གཅོད་དང་། རྗེས་འདེད་རྩད་ཞིབ། མཇུག་འབྲས་ཕྱིར་ལྡོག་བཅས་ཀྱི་རྒྱུ་ལམ་བཀག་མེད་དུ་བཏང་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མང་ཚོགས་ཀྱིས་ཚུར་སྣང་ཆེན་པོ་བྱས་པའི་གནད་དོན་མངོན་གསལ་ཅན་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། ཉེན་ཁ་ཆེ་བ་དང་མཇུག་འབྲས་མི་ལེགས་པ་ཚབས་ཆེན་བཟོ་སྲིད་པར་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་སྐོར་བཤེར་ནན་མོ་བྱས་ཏེ། གནད་དོན་གྱི་འབྱུང་ཁུངས་ནས་སྔོན་འགོག་བྱས་པ་དང་ཁྲིམས་འགལ་ཉེན་ཁ་སེལ་ཐབས་བྱས། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་ཚད་ལྡན་མིན་པའི་ལས་ཁུངས་དང་། མངོན་མེད་འགྱུར་་ལྡོག ཁྱབ་ཁོངས་ལས་བརྒལ་ནས་ཚོང་གཉེར་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་དག་ཐེར་ལེགས་བཅོས་ནན་མོ་བྱས།
ལྷ་མོ་འཚོས་བསྒྱུར།