ཟླ7པའི་ཚེས16ཉིན། རིག་ནུས་གཅིག་ཏུ་བསྡུས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བརྗོད་དོན་དུ་བྱས་པའི་རྨ་ཆུའི་བཞུར་རྒྱུད་ཀྱི་གྲོང་ཁྱེར་དང་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་ཚན་རྩལ་གྲུབ་འབྲས་བསྒྱུར་བའི་སྦྲེལ་མཐུད་ཚོགས་འདུ་ཟི་ལིང་དུ་རྒྱལ་ཁའི་ངང་བསྡུས། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་རིག་གནས་པ། ཁེ་ལས་ཀྱི་འཐུས་ཚབ་པ་བཅས་མི་བརྒྱ་དང་ལྔ་བཅུ་ལྷག་ཡུལ་དངོས་ཀྱི་བྱ་འགུལ་ལ་ཞུགས་པ་དང་། མི་སྟོང་གཅིག་ལྷག་དྲ་ཐོག་གི་ཐད་གཏོང་བརྒྱུད་དེ་བྱ་འགུལ་ལ་ཞུགས། སྦྲེལ་མཐུད་ཚོགས་འདུས་ཡུལ་དངོས་འཁྲབ་སྟོན་གྱི་གྲུབ་འབྲས་སྣ་བརྒྱད་ངོ་སྤྲོད་བྱས་པ་དང་། འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གཉིས་བཀོད་ལ། ལག་རྩལ་མཉམ་ལས་ཀྱི་རྣམ་གྲངས་ཉེར་བཞིའི་གྲོས་མཐུན་བཀོད་པ་དང་། གྲོས་བཀོད་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་གཅིག་འབུམ་གསུམ་ཁྲི་བདུན་སྟོང་བདུན་ལྔ་བརྒྱར་སླེབས་ལ། རྨ་ཆུའི་བཞུར་རྒྱུད་དང་ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་ཚན་རྩལ་གསར་གཏོད་དང་གྲོང་ཁྱེར་འཕེལ་རྒྱས་ཐད་སྒུལ་ཤུགས་དང་གསོན་ཤུགས་གསར་བ་བསྣན།
ཐེངས་འདིའི་སྦྲེལ་མཐུད་ཚོགས་འདུའི་སྟེང་། ཧྲན་ཞི་དང་ནང་སོག ཉིན་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཐིན་དང་། ཅི་ནན་དང་ལན་ཀྲིག ཁྲིན་ཏུའུ། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་སོགས་རྨ་ཆུའི་བཞུར་རྒྱུད་གྲོང་ཁྱེར་གྱི་ཚན་རྩལ་སྡེ་ཁག མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་གླིང་གི་ཆེད་མཁས་པ་དང་རིག་གནས་པ། ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཀྱི་འཐུས་ཚབ་པ་བཅས་གདན་ཞུ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་དངོས་གསོ་རིག་སྨན་བཅོས། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་སོགས་ཁྱབ་ཁོངས་ལ་དམིགས་ནས། བརྗོད་དོན་འཁྲབ་བཤད་དང་གྲུབ་འབྲས་འཁྲབ་འགྲེམ། ཆེད་དོན་བཞུགས་མོལ་ཚོགས་འདུ་སོགས་བྱ་འགུལ་བརྒྱུད་དེ། ཚན་རྩལ་གྲུབ་འབྲས་དང་ལག་རྩལ་དགོས་མཁོ་གནད་ཕིགས་སྦྲེལ་མཐུད་བྱེད་པ་མངོན་འགྱུར་བྱས་པ་དང་། རྨ་ཆུའི་བཞུར་རྒྱུད་གྲོང་ཁྱེར་གྱི་དགེ་མཚན་ཁ་གསབ་དང་མཉམ་དུ་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་།
2022ལོ་ནས་བཟུང་། ཟི་ལིང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་ཚན་རྩལ་གྲུབ་འབྲས་བསྒྱུར་བའི་སྦྲེལ་མཐུད་ཚོགས་འདུ་སྐབས་གཉིས་རྒྱལ་ཁའི་ངང་བསྡུས་པ་དང་། ཕུལ་དུ་བྱུང་བའི་ཚན་རྩལ་གྲུབ་འབྲས་སུམ་བརྒྱ་དང་ལྔ་བཅུ་དང་ལག་རྩལ་དགོས་མཁོ་ཞེ་གཅིག འཇོན་མིའི་དགོས་མཁོ་སོ་གསུམ་བཅས་ཁྱབ་བསྒྲགས་བྱས་ལ། ཚན་རྩལ་མཉམ་ལས་དང་གྲུབ་འབྲས་བསྒྱུར་བའི་རྣམ་གྲངས་ཉེར་བརྒྱད་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་དང་། གྲོས་བཀོད་མ་དངུལ་སྒོར་དུང་ཕྱུར་གཉིས་ལ་སླེབས་ལ། གསར་གཏོད་ཐོན་ཁུངས་མཉམ་བསྲེས་མཉམ་མཐུད་བྱེད་པར་སྐུལ་འདེད་བཏང་བ་དང་། ཁུལ་ཁོངས་བརྒལ་བའི་མཉམ་ལས་གསར་གཏོད་ཐད་སྐུལ་འདེད་བཏང་། ཐེངས་འདིའི་སྦྲེལ་མཐུད་ཚོགས་འདུ་བརྒྱུད་དེ། ཟི་ལིང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་གྲོང་ཁྱེར་བར་གྱི་བརྗེ་རེས་མཉམ་ལས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། མདུན་གྲས་ཀྱི་ལག་རྩལ་མང་པོ་ཟི་ལིང་དུ་བསྡུ་རུབ་བྱེད་པ་དང་ཚན་རྩལ་གྲུབ་འབྲས་སྔར་ལས་མང་པོ་ཟི་ལིང་དུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ལ། དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་།
རིན་ཆེན་མཚོས་བསྒྱུར།